ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཅིག་བསྡུས་མཉམ་བསྲེས་འཆར་གཞི་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་དབྱི་སི་རལ་གྱི་ཆེས་ཆེ་བའི་ཞི་པའོ་ལའེ་སྐད་ཀྱི་ཉིན་རེའི་ཚགས་པར་གསར་འགྱུར་ཚགས་པར་སྟེང་རྩོམ་ཡིག་སྤེལ་ཏེ། དབྱི་སི་རལ་སྲིད་གཞུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་སྐོར་ཞིག་གཅིག་བསྡུས་མཉམ་བསྲེས་བྱེད་པའི་འཆར་གཞི་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། 

ཡའོ་ཧན་ཞོན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་སྐོར་ཞིག་གཅིག་བསྡུས་མཉམ་བསྲེས་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་དང་། དབྱི་སི་རལ་རང་སྟེང་གི་བདེ་འཇགས་དང་རྒྱལ་སྤྱིའི་ཞི་བདེ་ལ་འཇིགས་ཉེན་བཟོས་ཡོད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གཅིག་གྱུར་གྲོས་མཐུན་མ་བཀོད་ན། དབྱིན་ཇི་ཡིས་དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་འཐབ་འཁྲུག་སྔོན་གྱི་རྒྱལ་མཚམས་ཀྱི་བཅོས་བསྒྱུར་ཁས་ལེན་བྱེད་མི་སྲིད་ཟེར། ཁོས་གཅིག་བསྡུས་མཉམ་བསྲེས་འཆར་གཞི་དེས་དབྱི་སི་རལ་དང་ཨ་རབ་རྒྱལ་ཁབ་བར་གྱི་ཇེ་ལེགས་སུ་འགྲོ་བཞིན་པའི་འབྲེལ་བ་དེ་ཉེན་ཁའི་གནས་སུ་ལྷུང་བར་བྱས་ཡོད་ཟེར། 

ཡའོ་ཧན་ཞོན་གྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་གྲོས་མོལ་སླར་གསོ་བྱེད་པ་དང་། ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཉག་ཅིག་ནི་ཞི་བདེའི་གྲོས་མཐུན་འགོད་རྒྱུ་དེ་ཡིན་ལ། དེས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་མི་ཚང་མར་དྲང་བདེན་དང་བདེ་འཇགས་ཐོབ་པར་བྱེད་ཐུབ། གཅིག་བསྡུས་མཉམ་བསྲེས་འཆར་གཞི་ལས་ང་ཚོའི་གྲོས་མོལ་གྱི་བར་ཐག་ཇེ་རིང་དུ་གཏོང་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།