ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200701094534tmHJ.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཨ་མེ་རི་ཁའི་དབྱི་ལིང་གནད་དོན་གྱི་དམིགས་བསལ་འཐུས་མི་པུའུ་ལའེ་ཨིན་ཧུའུ་ཁི་གཉིས་ཡེ་ལུའུ་སཱ་ལེམ་ནས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་ཡེ་ལུའུ་སཱ་ལེམ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དབྱི་ལིང་གནད་དོན་གྱི་དམིགས་བསལ་འཐུས་མི་པུའུ་ལའེ་ཨིན་ཧུའུ་ཁི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཕྱོགས་གཉིས་ཀྱིས་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དབྱི་ལིང་གི་བཀག་སྡོམ་ལ་ཤུགས་སྣོན་བྱས་ཏེ་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཐོབ་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་བྱེད་ཐབས་སྤྱད་ནས་དབྱི་ལིང་གི་སི་རི་ཡཱ་ནས་དམག་དོན་སྟོབས་ཤུགས་སྲ་བརྟན་དུ་གཏོང་བ་དང་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་བའི་གཡོ་ཇུས་ཕམ་པར་རྒྱག་རྒྱུ་ཡིན་ཟེར། 

པུའུ་ལའེ་ཨིན་ཧུའུ་ཁི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་ཐད་ནས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་འདོད་ཚུལ་གཅིག་གྱུར་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་ནུས་མེད་དུ་མི་འགྲོ་བར་འགན་སྲུང་བྱེད་བཞིན་ཡོད་ཟེར། ཁོས་གལ་ཏེ་གཏན་འགོག་ནུས་མེད་དུ་གྱུར་ན་དབྱི་ལིང་གིས་དབུས་ཤར་ས་ཁུལ་གྱི་ཚབ་འཚོང་པར་མཚོན་ཆ་སྔར་ལས་མང་བོ་ཕྱིར་གཏོང་བྱེད་སྲིད་པའི་ཉེན་བརྡ་བཏང་། 

པུའུ་ལའེ་ཨིན་ཧུའུ་ཁི་ཡིས་བཤད་རྒྱུར། ཁོས་དབྱི་སི་རལ་དུ་མ་ཡོང་གོང་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན་བཅས་ལ་འཚམས་འདྲི་བྱས་པ་ཡིན་ལ། རྒྱལ་ཁབ་དེ་དག་གིས་ཀྱང་དབྱི་ལིང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར། 

པུའུ་ལའེ་ཨིན་ཧུའུ་ཁི་ཡིས་ད་ལོའི་ཟླ་ལྔ་བར་བསྟན་དོན། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་ལིང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱའི་ཡུན་ཚད་ཇེ་རིང་དུ་མ་བཏང་ན། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་ཡོད་ཚད་སླར་གསོ་བྱེད་པར་བསམ་བློ་གཏོང་ངེས་ཡིན་ཟེར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ལ་དབྱི་ལིང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་རེ་བ་བཏོན་པ་ནི་བླུན་རྨོངས་ཀྱི་འདོད་ཚུལ་ཅིག་ཡིན་ལ། དབྱི་ལིང་གིས་དེར་ཁ་ཡ་བྱེད་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།