ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཏི་སེ་ཡིས་མ་འོངས་པའི་ཟླ་ངོ་འགའི་རིང་ནད་དུག་དང་མཉམ་གནས་བྱེད་པའི་རྒྱུན་རྣམ་གསར་བ་འབྱུང་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

202006300937311JO7.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་སུའེ་ཙེར་གྱི་རི་ནེ་ཝ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་དགུའི་ཉིན་བསྟན་དོན། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་རིམ་རྩིས་ཀྱིས་བྱེ་བ་གཅིག་ལས་བརྒལ་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་རིམ་རྩིས་ཀྱིས་འབུམ་ལྔ་ལས་བརྒལ་ཡོད་པས། མ་འོངས་པའི་ཟླ་ངོ་འགའི་རིང་ནད་དུག་དང་མཉམ་གནས་བྱེད་པའི་རྒྱུན་རྣམ་གསར་བ་འབྱུང་སྲིད་ཟེར། 

ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཛམ་གླིང་ཡོངས་སུ་མི་བྱེ་བ་གཅིག་ལྷག་ལ་པྲོག་དབྱིབས་ནད་དུག་གསར་བ་འགོས་ཡོད་པ་དང་། མི་འབུམ་ལྔ་ལྷག་རིམས་ནད་དེའི་དབང་གིས་རྐྱེན་ལམ་དུ་ཤོར། དེ་ནི་མི་ཚང་མས་ང་ཚོས་བླངས་པའི་གྲུབ་འབྲས་དང་མྱོང་བའི་བསླབ་བྱར་བསམ་གཞིགས་བྱེད་ཡིན་ལ། རང་ནུས་ཅི་ལྕོགས་ཀྱིས་ཚེ་སྲོག་མྱུར་སྐྱོབ་བྱེད་པའི་དམ་བཅའ་བསྐྱར་སྒྲོག་བྱས་པ་རེད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། ཟླ་ངོ་དྲུག་གི་ཡར་སྔོན་དུ་སུས་ཀྱང་འཛམ་གླིང་ཡོངས་ཀྱི་མི་ཚང་མའི་འཚོ་བ་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དབང་གིས་རྙོག་འཛིང་གི་གནས་སུ་ལྷུང་སྲིད་པ་ཡིད་ལ་དྲན་མྱོང་མེད་ཀྱང་། མ་འོངས་པའི་ཟླ་ངོ་འགའི་ནང་རྒྱལ་ཁབ་ཚང་མའི་གནད་འགག་གི་གནད་དོན་ནི་ཇི་ལྟར་ནད་རིགས་དེ་དང་མཉམ་གནས་བྱེད་རྒྱུ་དེ་ཡིན་ལ། དེ་ནི་རྒྱུན་རྣམ་གསར་བ་ཞིག་རེད་ཟེར། ཁོས་རྒྱལ་ཁབ་ཚང་མས་ཐོག་མཐའ་བར་གསུམ་དུ་བྱེད་ཐབས་བཟང་བོ་ལྔ་སྤྱད་དེ་གནས་བབ་ལེགས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། གཅིག་ནས་སྡོད་ཁུལ་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གཉིས་ནས་ནད་དུག་འགོ་བར་བཀག་འགོག་བྱེད་པ། གསུམ་ནས་ཚེ་སྲོག་སྐྱོབ་པ། བཞི་ནས་ཞིབ་འཇུག་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ལྔ་ནས་ཆབ་སྲིད་མགོ་ཁྲིད་ནུས་པར་ཤུགས་སྣོན་པ་བཅས་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་ད་རུང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་བྱེད་པའི་དུས་ཚོད་རེའུ་མིག་ཁྱབ་སྒྲོག་བྱས་ཏེ། མང་ཚོགས་དག་གིས་འདས་པའི་ཟླ་ངོ་དྲུག་གི་རིང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་ནད་འགོག་བཅོས་བྱ་བར་རྒྱུས་ལོན་བྱེད་པར་སྟབས་བདེ་བཟོ་བ་དང་། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རྒྱལ་ཁབ་སོ་སོར་ཞབས་ཞུ་བྱེད་པའི་དམ་བཅས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།