ཀྲུང་གོ་བོད་ཀྱི་དྲ་བ།

རུ་ཝང་ཏཱའི་མཐའ་སྲུང་དམག་དཔུང་གི་སྒར་སར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རུ་ཝང་ཏཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་བརྒྱ་ཙམ་གྱིས་ཉིན་དེའི་ཞོགས་པར་རུ་ཝང་ཏཱ་དང་པུ་ལུང་ཏིས་མཐའ་མཚམས་ས་ཁུལ་གྱི་རུ་ཝང་ཏཱའི་མཐའ་སྲུང་དམག་དཔུང་གི་སྒར་སར་འཇབ་རྒོལ་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ནམ་གུང་གི་དུས་སུ། དྲག་ཆས་མི་སྣ་དེ་དག་གིས་བསྟུད་བརྒྱག་མེ་མདའ་དང་མེ་ཤུགས་འཕུར་མདའ། ལག་འབོམ་བཅས་བཟུང་སྟེ། རུ་ཝང་ཏཱའི་དམག་དཔུང་གི་ལྷོ་ཕྱོགས་ཀྱི་རུ་ཧི་ལུའུ་ས་ཁུལ་གྱི་འགོག་སྲུང་སྒར་སར་སྐར་མ་སུམ་ཅུ་ཙམ་གྱི་རིང་འཇབ་རྒོལ་བྱས། རུ་ཝང་ཏཱའི་དམག་དཔུང་གིས་འཇབ་རྒོལ་མཁན་མཐར་བསྐྲོད་བཏང་བ་དང་། མི་བཞི་བསད་པ་དང་མི་གསུམ་འཛིན་བཟུང་བྱས། རུ་ཝང་ཏཱའི་དམག་མི་གསུམ་ལ་རྨས་ཡང་མོ་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དྲག་ཆས་མི་སྣས་པུ་ལུང་ཏིས་བྱང་ངོས་ཀྱི་ཞི་པུས་ཐའོ་ཁའེ་ཞིང་ཆེན་གྱི་པུ་ལུང་ཏིས་དམག་དཔུང་གི་སྒར་སའི་ཕྱོགས་སུ་འཇབ་རྒོལ་བྱས་པ་དང་། རྗེས་སུ་ཡང་ཕྱོགས་དེར་ཕྱིར་འཐེན་བྱས་པ་རེད། འཇབ་རྒོལ་མཁན་གྱིས་བསྐྱུར་བའི་འབྲུ་རིགས་ཀྱི་སྟེང་དུ་པུ་ལུང་ཏིས་དམག་དཔུང་གི་མིང་ཡོད་པ་རེད། 

པུ་ལུང་ཏིས་དམག་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། པུ་ལུང་ཏིས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་དྲག་ཆས་རྩ་འཛུགས་ལ་འགེབས་སྲུང་བྱེད་མི་སྲིད་པ་དང་། པུ་ལུང་ཏིས་དམག་དཔུང་གིས་པུ་ལུང་ཏིས་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་འཁྲི་ཡོད་ཟེར། 

རུ་ཝང་ཏཱའི་དམག་ཕྱོགས་ཀྱིས་ད་ལོའི་ཟླ་ལྔ་བར་བཤད་རྒྱུར། པུ་ལུང་ཏིས་ཀྱི་ཉ་བདའ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་མཚམས་ཀྱི་ཀོས་ལུའུ་མཚོ་ནས་ཁྲིམས་འགལ་གྱིས་རུ་ཝང་ཏཱའི་མཚོ་ཁོངས་སུ་ཡོང་ནས་ཉ་བདའ་བས། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་འཁྲུག་རྩོད་བྱུང་བ་རེད། 

ན་ནིང་ཟླ་བཅུ་གཅིག་པར། པུ་ལུང་ཏིས་སྲིད་གཞུང་གིས་པུ་ལུང་ཏིས་དམག་དཔུང་གི་ཞི་པུས་ཐའོ་ཁའེ་ཞིང་ཆེན་དུ་ཡོད་པའི་སོ་ལྟ་ཁང་ལ་རུ་ཝང་ཏཱའི་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ་པུ་ལུང་ཏིས་ཀྱི་མི་སྣར་ཤི་རྨས་ཐེབས་པའི་ཚུལ་བསྟན་ཡང་། རུ་ཝང་ཏཱའི་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་ཁས་ལེན་མ་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།