ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དུ་བསྟུད་མུར་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་གཉིས་བྱུང་ནས་མི་སེར་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་རྒྱུད་ཀྱི་ཧོའར་མན་ཏེ་ཞིང་ཆེན་དང་བྱང་རྒྱུད་ཀྲུའུ་ཙེ་ཀྲན་ཞིང་ཆེན་དུ་ཉིན་དེར་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་གཉིས་བསྟུད་མུར་བྱུང་བའི་ཁྲོད་དུ། ཁྱོན་བསྡོམས་མི་སེར་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་སྐྱོན་ཕོག་ཡོད་ཟེར།

ཧེར་མན་ཏེ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧན་མོ་ཏེ·ཀྲ་མན·ཧ་མུའུ་ཏ་ཏེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཕྱི་དྲོར། མི་སེར་དཀྱུས་མ་བསྡད་པའི་རླངས་འཁོར་ཞིག་ཧེར་མན་ཏེ་ཞིང་ཆེན་ཝ་ཤིར་ས་ཁུལ་དུ་འབྱོར་བ་ན། ཐ་ལི་པན་དྲག་ཆས་མི་སྣ་ཞིག་གིས་སྦས་པའི་ལམ་འགྲམ་གྱི་འབར་མདེལ་ཞིག་ཕོག་ནས། རླངས་འཁོར་ནང་གི་མི་དྲུག་ཤི་བ་དང་མི་གཉིས་ལ་རྨས་སྐྱོན་ཕོག་ཡོད་ཅིང་། འདས་པོའི་ནང་བུད་མེད་དང་བྱིས་པ་གཉིས་ཀ་ཚུད་ཡོད་ཟེར།

ཉིན་དེར། ཀྲུའུ་ཙེ་ཀྲན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་པུའུ་ཏུའུ་ལེ·མ་ལུའུ་ཕུའུ·ཨ་ཀྲ་ཨར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་སྔ་དྲོ། མི་སེར་གསུམ་གྱིས་ཞིང་ཆེན་དེའི་མན་ཅ་ཅེ་ཁུ་ས་ཁུལ་གྱི་བགྲོད་ལམ་ཞིག་གི་སྟེང་གི་ས་འོག་ཏུ་སྦས་པའི་འབར་མདེལ་ཞིག་གི་སྟེང་གོམ་པ་སྤོས་ཏེ།མི་གསུམ་རང་སར་ཤི་བ་དང་དེའི་ནང་བྱིས་པ་གཉིས་ཚུད་ཡོད་ཟེར། ཨ་ཀྲ་ཨར་གྱིས་མུ་མཐུད་དུ་བཤད་རྒྱུར། ཐ་ལི་པན་དྲག་ཆས མི་སྣས་ས་འོག་འབར་མདེལ་དེ་སྦས་པ་རེད་ཟེར།

ཐ་ལི་པན་ཕྱོགས་ཀྱིས་འགས་གཏོར་འཇབ་རྒོལ་དོན་རྐྱེན་འདི་གཉིས་ལ་དཔྱད་གཏམ་ཅི་ཡང་སྤེལ་མེད།

ཨ་ཧྥུའུ་ཧན་གྱི་ཐ་ལི་པན་གྱིས་རྟག་ཏུ་ལམ་འགྲམ་དུ་འབར་མདེལ་སྦས་ཏེ་ ཨ་ཧྥུའུ་ཧན་དམག་དཔུང་དང་ཨ་ཧྥུའུ་ཧན་གྱི་བཅའ་སྡོད་བྱང་ཆིངས་དམག་དཔུང་ལ་འཇབ་རྒོལ་བྱེད་ཀྱིན་ཡོད། མི་སེར་དཀྱུས་མ་མང་པོར་ཡང་དེའི་རྐྱེན་གྱིས་གནོད་འཚེ་ཕོག་བཞིན་ཡོད་འདུག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།