ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སློབ་གསོའི་བློན་ཆེན་དག་གིས་རིམས་ནད་ཀྱིས་སློབ་གསོར་ཐེབས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་པར་བརྩོན་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200628094112GLv4.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས། སོ་ཏི་ཨ་རབ་ཀྱི་སློབ་གསོའི་བློན་ཆེན་ཧཱ་མཱ་ཏི་ཞེ་ཧི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སློབ་གསོའི་བློན་ཆེན་གྱི་བརྙན་རིས་གྲོས་ཚོགས་ལ་ཞུགས། 

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སློབ་གསོའི་བློན་ཆེན་དག་གིས་ཚེས་ཉེར་བདུན་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་སློབ་གསོ་དང་གསོ་སྦྱོང་ཐད་ཐེབས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཁས་ལེན་བྱས། 

ཉིན་དེའི་གྲོས་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་མགོ་འཛིན་བྱས། སོ་ཏི་ཨ་རབ་ཀྱི་སློབ་གསོའི་བློན་ཆེན་ཧཱ་མཱ་ཏི་ཞེ་ཧི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། སློབ་གསོའི་མགོ་ཁྲིད་པས་སྲིད་ཇུས་དང་གྲུབ་ཚུལ། སྤྱི་ཚོགས། ནོར་སྲིད་བཅས་རྨང་གཞིར་བྱས་པའི་ནུས་ལྡན་བྱེད་ཐབས་མང་དུ་སྤྱད་ཡོད་པ་དང་། ཚད་ཆེན་པོའི་སྒོ་ནས་རིམས་ནད་ཀྱིས་སློབ་གསོར་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ཡོད། དེའི་ནང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐག་གཅོད་ཇུས་གཞི་མང་ཆེ་བ་འདོན་སྤྲོད་བྱས་ཡོད་ཟེར། 

གྲོས་ཚོགས་ནས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སློབ་གསོའི་བློན་ཆེན་དག་གིས་ཉམས་ཉེན་གྱི་དུས་སྐབས་སུ་མུ་མཐུད་དུ་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་མཉམ་སྤྱོད་བྱེད་པ་དང་། སྔར་ལས་ནུས་ལྡན་དང་གསར་གཏོད་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ། སློབ་གསོའི་མ་ལག་གི་མཉེན་གཤིས་ཇེ་དྲག་ཏུ་བཏང་ནས་སློབ་ཁྲིད་ལེགས་བཅོས་བྱེད་རྒྱུ་ཁས་ལེན་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བཀག་འགོག་བྱེད་པར་སྤྱད་པའི་བྱེད་ཐབས་ཀྱིས་སློབ་གསོ་དང་འཚོ་བའི་ཕྱོགས་མང་བོར་བཅོས་བསྒྱུར་མངོན་གསལ་བྱུང་ཡོད། བུད་མེད་དང་ན་གཞོན་འདུས་པའི་སྟོབས་ཤུགས་གཉོམ་པའི་ཚོགས་ཁག་དང་དམིགས་བསལ་མི་གྲངས་ལ་རིམས་ནད་ཀྱི་ཤུགས་རྐྱེན་སྔར་ལས་ཆེན་པོ་ཐེབས་ཡོད་པས། སློབ་གསོའི་བློན་ཆེན་དག་གིས་སློབ་གསོའི་ནང་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ལག་རྩལ་དང་གྲངས་ལྡན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པ་སོགས་སློབ་གསོའི་རྒྱུན་མཐུད་རང་བཞིན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྤྱོད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།