ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པས་པྲོག་དབྱིབས་ནད་དུག་གསར་བའི་འགོག་བཅོས་ཐད་ནས་བརྙན་རིས་བརྗེ་རེས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་གསོ་རིག་ཆེད་མཁས་པའི་འཐུས་མིས་ཚེས་ཉེར་བཞིའི་ཉིན་ཀྲུང་གོའི་ཧུའུ་པེ་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྨན་བཅོས་ཆེད་མཁས་ཚན་ཆུང་གིས་བརྙན་རིས་སྐུད་འབྲེལ་བྱས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་ནས་བརྗེ་རེས་གྲོས་ཚོགས་བསྡུས། 

གྲོས་ཚོགས་དེ་ནི་ཐུར་ཁེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏིན་ལེ་ཡིས་མགོ་འཛིན་བྱས། ཐུར་ཁེའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཨེ་མུས་ནེ་དང་ཐུར་ཁེའི་རིག་ཚན་མི་འདྲ་བའི་གསོ་རིག་ཆེད་མཁས་པ་བརྒྱད་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་ལོགས་སུ་དགར་བ་དང་རྩད་ཞིབ་བྱེད་ཐབས། རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་ཚོད་འཛིན་བྱེད་ཐབས། འགོག་སྨན་གྱི་གསར་སྤེལ་གནས་ཚུལ་སོགས་གནད་དོན་ཐད་ནས་དྲི་བ་བཏོན། 

ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཧུའུ་པེ་ཞིང་ཆེན་རིམས་ནད་ཚོད་འཛིན་ལྟེ་གནས། ཝུའུ་ཧན་ཞེ་ཧི་སྨན་ཁང་བཅས་ཀྱི་ཀྲུང་གོའི་ཕྱོགས་ཀྱི་ཆེད་མཁས་པ་བཅུ་ལྷག་གིས་ཐུར་ཁེའི་བར་རིམས་འགོག་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་པ་དང་། ཐུར་ཁེ་ཕྱོགས་ཀྱིས་ཧུའུ་པེ་ཞིང་ཆེན་གྱིས་རྒྱུན་ལྡན་འཚོ་བ་ཇི་ལྟར་སླར་གསོ་བྱས་པ་དང་མིག་སྔར་རིམས་ནད་ཀྱི་འགོག་སྲུང་ནུས་པ་སོགས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ལན་བཏབ། 

རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པས་བསྟན་དོན། ཕྱོགས་གཉིས་ཀྱིས་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་དང་གསོ་བཅོས་བྱེད་ཐབས་སོགས་གནད་དོན་ཐད་ནས་ཡིག་ཐོག་ནས་བརྗེ་རེས་བྱས། 

ཨེ་མུས་ནེ་ཡིས་ཀྲུང་གོའི་ཕྱོགས་ཀྱི་ཕན་འབྲས་ལྡན་པའི་བརྙན་རིས་བརྗེ་རེས་གྲོས་ཚོགས་རྩ་འཛུགས་བྱས་པར་བཀའ་དྲིན་ཞུས་པ་དང་། ཆེད་མཁས་གྲོས་ཚོགས་དེ་ཐུར་ཁེ་ཡིས་ཕན་ནུས་ལྡན་པར་རིམས་ནད་འགོག་སྲུང་བྱེད་པར་ཕན་ཐོགས་ཡོད་ཟེར། 

ཏིན་ལེ་ཡིས་བསྟན་དོན། རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཤིང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། མཐུན་སྒྲིལ་མཉམ་ལས་དང་དཀའ་ཁག་མཉམ་སེལ་གྱི་ཕྱོགས་མང་རིང་ལུགས་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།