ཀྲུང་གོ་བོད་ཀྱི་དྲ་བ།

ཐཱ་ལེ་པན་གྱིས་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་གྲོས་མཐུན་བརྩི་སྲུང་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཚེས་བཅུ་དགུའི་ཉིན་ཟླ་གཉིས་པར་ཨ་མེ་རི་ཁའི་བར་བཀོད་པའི་གྲོས་མཐུན་བརྩི་སྲུང་བྱེད་པ་དང་། ཁྱད་པར་དུ་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཨ་ཧྥུའུ་ཧན་ནས་སྤེལ་བའི་འཇབ་རྒོལ་མི་ཐེབས་པརའགན་སྲུང་བྱས་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱིས་དམག་དཔུང་ཕྱིར་འཐེན་བྱེད་པའི་སེམས་ཁུར་ཇེ་ཆུང་དུ་གཏོང་དགོས་པ་བསྐྱར་སྒྲོག་བྱས། 

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་མེད་ཁུན་ཆི་ཡིས་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁའི་ཨ་སི་ཕིན་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་གླེང་སྟེགས་ཤིག་གི་སྟེང་བཤད་རྒྱུར། ཐཱ་ལེ་པན་བར་བཀོད་པའི་གྲོས་མཐུན་གཞིར་བཟུང་སྟེ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་དུ་སྡོད་པའི་དམག་དཔུང་སྟོང་བརྒྱད་དང་དྲུག་བརྒྱ་ཙམ་དུ་ཇེ་ཉུང་ལ་བཏང་ཡོད་ཟེར། ཁོས་ཐཱ་ལེ་པན་གྱིས་ཨ་མེ་རི་ཁའི་དམག་དཔུང་ཡོད་ཚད་སང་ལོར་ཕྱིར་འཐེན་བྱེད་པར་ཆ་རྐྱེན་བསྐྲུན་པར་ཁག་ཐེག་བྱས་ཏེ། ཨ་མེ་རི་ཁའི་རྒྱལ་ཁོངས་ལ་ཨ་ཧྥུའུ་ནས་སྤེལ་བའི་འཇབ་རྒོལ་ཐེབས་མི་སྲིད་ཟེར། 

མེད་ཁུན་ཆི་ཡིས་བཤད་རྒྱུར། ཐཱ་ལེ་པན་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ནི་གྲོགས་པོ་མིན་ཡང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐཱ་ལེ་པན་གྱིས་རྟེན་གཞི་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་མཐོང་འདོད་པ་ལས་ཁ་བཤད་ཙམ་མིན། དེ་བས་ང་ཚོས་ཐཱ་ལེ་པན་གྱི་བྱ་སྤྱོད་དང་། ཁོ་ཚོས་གྲོས་མཐུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་གྲོས་མོལ་དེ་དག་ལ་ཇི་ལྟར་ཞུགས་པར་དོ་སྣང་ཟབ་མོ་བྱེད་དགོས་ཟེར། 

ཐཱ་ལེ་པན་གྱིས་ཚེས་བཅུ་དགུའི་ཉིན་གྲོས་མཐུན་བརྩི་སྲུང་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཨ་ཧྥུའུ་ནས་སྤེལ་བའི་འཇིགས་ཉེན་ཐེབས་མི་སྲིད་པ་ཁས་ལེན་བྱས། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། ང་ཚོའི་རྒྱལ་ཁབ་ཀྱིས་མི་གང་རུང་ལ་དམིགས་མི་སྲིད་པས། ཁོ་ཚོས་སེམས་ཁུར་བྱེད་མི་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།