ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་ཕན་ཚུན་གྱི་ལམ་ཡིག་ཁས་ལེན་བྱེད་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལམ་ཡིག་ཁས་ལེན་བྱེད་པའི་གྲོས་མཐུན་བཀོད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱས་རྗེས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གྲོས་མཐུན་དེ་བཀོད་པའི་དམིགས་ཡུལ་ནི་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་གཅིག་གྱུར་གཞི་གཅིག་ཅན་འཛུགས་པའི་ཆེད་ཡིན་ཟེར། 

ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས་རྗེས་ཨུ་རུ་སི་དཀར་པོའི་པུའུ་ཀྲང་མཱ་ཁི་དབྱེ་དང་གྲོས་མོལ་བྱས། དེའི་རྗེས་སུ་ཁོ་གཉིས་ཀྱིས་སོ་སོར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་སྲིད་གཞུང་གི་ཚབ་བྱས་ཏེ་གོང་གི་གྲོས་མཐུན་སྟེང་མིང་བཀོད། གྲོས་མཐུན་ལྟར་ན། རྒྱལ་ཁབ་གསུམ་པའི་སྤྱི་དམངས་དང་རྒྱལ་ཁབ་མེད་པའི་མི་སྣས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གང་རུང་གི་ནུས་ལྡན་ལམ་ཡིག་ལ་བརྟེན་ནས་མཁའ་འགྲུལ་དང་ལྕགས་ལམ། ངེས་གཏན་གྱི་གཞུང་ལམ་བཅས་ནས་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་སུ་འགྲོ་འོང་དང་ས་ཁོངས་སུ་འགྲོ་འདུག་བྱས་ཆོག་པ་རེད། 

ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་ལོ་འགའི་རིང་གྲོས་མོལ་བྱས་པ་བརྒྱུད་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ་ཕན་ཚུན་གྱི་ལམ་ཡིག་ཁས་ལེན་བྱེད་པའི་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ཀྱང་། རྒྱལ་ཁབ་གཉིས་ཀྱིས་དུས་ལྟར་གྲོས་མཐུན་གྱི་རྒྱལ་ནང་གི་གྲོས་ཞིབ་མཆན་བཀོད་ལས་རིམ་ཡོངས་འགྲུབ་བྱེད་མ་ཐུབ་པས། ཕྱོགས་གཉིས་ཀྱིས་ད་ལྟ་ད་གཟོད་གྲོས་མཐུན་དེའི་སྟེང་མིང་བཀོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།