ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པར་ཞིབ་བཤེར་ཆོག་པའི་གནད་དོན་ཐད་ཀྱི་ཆོད་དོན་ལ་འཛུགས་སྐྲུན་རང་བཞིན་མི་ལྡན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱིས་ཉིན་དེར་གྲོས་མཐུན་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པར་ཞིབ་བཤེར་ཆོག་པའི་གནད་དོན་སྐོར་གྱི་ཆོད་དོན་ལ་འཛུགས་སྐྲུན་རང་བཞིན་མི་ལྡན་པའི་ཚུལ་བསྟན། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དེ་ནི་ཆབ་སྲིད་རང་བཞིན་ལྡན་ཡང་ལག་རྩལ་རང་བཞིན་མེད་པའི་གྲོས་ཆོད་ཅིག་ཡིན་ཞིང་། དབྱི་ལིང་གིས་ནམ་རྒྱུན་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་རིམ་པ་ཆེས་མཐོ་བའི་མཉམ་ལས་སྲུང་འཛིན་བྱས་ཡོད་ཀྱང་། གྲོས་ཆོད་འདི་འདྲ་བཏོན་པ་ནི་འཛུགས་སྐྲུན་རང་བཞིན་ཅི་ཡང་མེད་པ་དང་མི་ཀུན་གྱི་རེ་ཐག་ཆད་པར་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར། 

མུའུ་སཱ་ཝེ་ཡིས་གྲོས་མཐུན་དེར་འབྲེལ་བའི་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱིས་ཨ་མེ་རི་ཁ་སོགས་རྒྱལ་ཁབ་རེ་འགའི་གནོན་ཤུགས་འོག་འབྲེལ་ཡོད་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས་པ་དང་། དེའི་དམིགས་ཡུལ་ནི་དབྱི་ལིང་དང་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་ལ་བར་ཆད་བཟོ་བའི་ཆེད་དུ་རེད་ཟེར། 

ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་མི་ཅཱ་ལི་པཱ་པཱ་ཏིས་ཀྱིས་ཉིན་དེར་བསྟན་དོན། གྲོས་ཆོད་དེ་ལས་དབྱི་ལིང་གིས་གཞི་འཛིན་ས་ཅི་ཡང་མེད་པའི་སྐྱོན་འཛུགས་དག་འབུད་བྱེད་མི་ཐུབ་པ་དང་། དབྱི་ལིང་ལ་རང་སྟེང་གི་ལངས་ཕྱོགས་བསྒྱུར་དུའང་འཇུག་ཐབས་མེད་ཟེར། 

བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ཟླ་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་དབྱི་ལིང་གི་ཉིང་རྡུལ་ལ་ཞིབ་བཤེར་ཆོག་པའི་གནད་དོན་དང་འབྲེལ་བའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད། གྲོས་ཆོད་དེ་ལས་དབྱི་ལིང་དང་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པ་དང་། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ལ་ས་གནས་གཉིས་ཀྱི་ཉིང་རྡུལ་ཞིབ་བཤེར་གྱི་ཆོག་མཆན་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།