ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཡིན་པའི་མཐོ་རིམ་དཔོན་པོ་མང་བོས་མཉམ་དུ་རིགས་རྒྱུད་རིང་ལུགས་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་དང་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རིན་མུའུ་ལན་པའོ་ནོའུ་ཁཱ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིམ་པའི་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཡིན་པའི་དཔོན་རིགས་ཉེར་གཉིས་ཀྱིས་ཚེས་བཅུ་བཞིའི་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིགས་རྒྱུད་རིང་ལུགས་མེད་པར་གཏོང་བའི་ཐད་དགོས་ངེས་ཀྱི་ནུས་པ་འདོན་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་མི་ནག་ཧྥོ་ལོ་དབྱེ་ཏི་ཡ་ང་བའི་སྒོ་ནས་དམར་གསོད་བཏང་བ་ནི་ཁྱབ་རྒྱ་ཆེ་བའི་ཁ་ཚ་དགོས་གཏུག་གི་གནད་དོན་རབ་དང་རིམ་པ་ལས་བྱུང་བ་ཡིན་ཞིང་། གནད་དོན་དེ་དག་རང་བཞིན་དུ་རྗེས་མེད་ཤུལ་མེད་དུ་འགྱུར་མི་སྲིད། འདས་པའི་གཟའ་འཁོར་འགའི་ནང་ཧྥོ་ལོ་དབྱེ་ཏི་ཉེན་རྟོག་པས་དམར་གསོད་བཏང་བར་ངོ་རྒོལ་བྱེད་པའི་བྱ་འགུལ་བྱུང་བ་དང་། ང་ཚོ་མི་ཚང་མ་ཡོངས་ཁྱབ་ཏུ་གནས་པའི་རིགས་རྒྱུད་རིང་ལུགས་ལ་སྡང་སེམས་སྐྱེས་སུ་བཅུག་ཡོད་ཟེར། 

གསལ་སྒྲོག་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགུལ་སྐྱོད་ནུས་ལྡན་སྤྱོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་དང་གྲངས་ཉུང་བའི་རིགས་རྒྱུད་གཞན་པར་དམིགས་པའི་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་མཇུག་སྒྲིལ་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། གཏམ་སྤྱོད་ནས་འགུལ་སྐྱོད་བར་ནུས་ལྡན་ཐབས་ཇུས་བཏོན་ཏེ་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་ལ་ཆམ་ཕབ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར། 

གསལ་སྒྲོག་ལས་བསྟན་དོན། དུས་རབས་འགའི་ཚུན་ལ། རིགས་རྒྱུད་འདྲ་མཉམ་མིན་པ་དང་ཁྱད་པར་དུ་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ལ་དམིགས་པའི་འདྲ་མཉམ་མིན་པའི་སྣང་ཚུལ་ལས་རྨ་ཁ་ཟབ་མོ་བཟོས་ཏེ་མི་རབས་མང་བོར་ན་ཟུག་བསྐྱེད་པར་བྱས་ཡོད། དེ་ཇི་ལྟར་བཤད་ཀྱང་ཐལ་དྲགས་པ་ཞིག་མ་ཡིན། རིགས་རྒྱུད་རིང་ལུགས་ལ་རྒོལ་གཏམ་གཏོང་བའི་གཏམ་སྤྱོད་དང་བྱ་སྤྱོད་ཙམ་གྱིས་མི་ཆོག་པར་ང་ཚོས་ངེས་པར་དུ་སྔར་ལས་ལྷག་པའི་བྱ་བ་མང་བོ་བསྒྲུབ་དགོས་ཟེར། 

གསལ་སྒྲོག་བཀོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཅི་ཐུའུ་དབྱི་དང་། མཉམ་འབྲེལ་རྒྱལ་ཚོགས་ཨེ་ཙི་ནད་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་པུས་ཡཱ་ནེ་མཱ། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཙུང་ཚེ་ཧོང་པའོ། མཉམ་འབྲེལ་རྒྱལ་ཚོགས་མི་གྲངས་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཁཱ་ནེ་མུའུ་སོགས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་འཐུས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི་དང་ས་ཁོངས་རྩ་འཛུགས་དོན་གཅོད་ཁང་གི་འགན་ཁུར་བ་རེ་འགའ་བཅས་འདུས། 

ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ཡིན་པའི་སྐྱེས་པ་ཧྥོ་ལོ་དབྱེ་ཏི་ཡིས་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་སྒོར་མོ་རྫུན་མ་བེད་སྤྱོད་བྱས་པའི་དབང་གིས་ཨ་མེ་རི་ཁའི་མེན་ནེ་སུའུ་ཏཱ་ཀྲིག་གི་མེན་ནེ་ཨ་པའོ་ལེ་སི་གྲོང་ཁྱེར་གྱི་སྲང་ལམ་ནས་འཛིན་བཟུང་བྱེད་སྐབས། མི་དཀར་གྱི་ཉེན་རྟོག་པ་ཞིག་གིས་སྐེ་ནས་དགག་སྟེ་སྐར་མ་དགུ་ཙམ་འགོར་རྗེས་རྐྱེན་ལམ་དུ་ཤོར། དོན་རྐྱེན་དེ་ལས་ཨ་མེ་རི་ཁ་དང་རྒྱལ་ཁབ་མང་བོར་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་ནས་ངོ་རྒོལ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།