ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་གིས་ཁྲའོ་ཞན་གྱིས་གྲོས་མོལ་གྱི་སྒོ་གླེགས་ཡངས་པོར་ཕྱེ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅོ་ལྔ་ཉིན་མིག་སྔའི་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱིས་འབྲེལ་འདྲིས་དང་མཉམ་ལས་ལ་བརྟེན་ནས་མིག་སྔའི་དཀའ་ཁག་ཐག་གཅོད་བྱེད་དགོས་པ་དང་། ཁྲའོ་ཞན་གྱིས་ཀྱང་གྲོས་མོལ་གྱི་སྒོ་གླེགས་ཡངས་པོར་ཕྱེས་ཏེ་མཉམ་དུ་གྲོས་ཁ་བསྡུར་དགོས་པའི་རེ་བ་བཏོན། 

ཝུན་ཙེ་ཡུན་གྱིས་ཉིན་དེར་ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་ལག་བསྟར་དྲུང་ཡིག་ཆེན་མོ་དང་ལས་རོགས་པའི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ཁོས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་དུས་རབས་ལས་བརྒལ་བའི་སྒོ་ནས་ཕྱེད་གླིང་གི་གནས་བབ་ལེགས་བསྒྱུར་བྱེད་པའི་ཆོད་སེམས་དང་འབད་བརྩོན་གསལ་བོར་ཤེས་ཡོད་པ་དང་། ཞོར་དུ་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་དང་། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་ཀུན་གྱིས་རེ་སྒུག་བྱེད་པའི་གྲུབ་འབྲས་མ་ཐོབ་པར་འཕང་སེམས་ཆེན་པོ་སྐྱེས་ཡོད་ཟེར། ཁོས་བསྟན་དོན། ད་ལྟ་ཧན་གོ་དང་ཁྲའོ་ཞན་གྱིས་མཉམ་དུ་གནས་བབ་ལེགས་བཅོས་བྱེད་པའི་གནད་འཚོལ་ཞིབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པར་བརྩོན་ལེན་བྱེད་དགོས་ཟེར། 

ཝུན་ཙེ་ཡུན་གྱིས་བསྟན་དོན། ད་ལྟ་ལྗིད་ཏིག་ཏིག་གི་སེམས་པས་ལྷོ་བྱང་ཐུན་མོང་བསྒྲགས་གཏམ་བཀོད་ནས་ལོ་ངོ་ཉི་ཤུ་འགོར་བར་བསུ་བ་བྱེད་དགོས་ཀྱང་། ལྷོ་བྱང་གི་འབྲེལ་བ་ཆེས་དཀའ་ཁག་ཆེ་བའི་སྐབས་སུ། ཧན་གོ་དང་ཁྲའོ་ཞན་གྱིས་བསྒྲགས་གཏམ་དེའི་དགོངས་དོན་དང་གྲུབ་འབྲས་ལ་ཕྱིར་དྲན་བྱེད་དགོས་ཟེར། 

ཁོས་ནན་གྱིས་བསྟན་དོན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་བཏོན་པའི་ཞི་བདེའི་དམ་བཅའ་ཉམས་མི་རུང་ཞིང་། པན་མིན་ཏེན་གྱི་བསྒྲགས་གཏམ་དང་ཟླ་དགུ་བའི་ཕེན་རིང་ཐུན་མོང་བསྒྲགས་གཏམ་ནི་ལྷོ་བྱང་གིས་མཉམ་དུ་ལག་བསྟར་གང་ལེགས་བྱེད་པའི་རྔམ་བརྗིད་ཀྱི་དམ་བཅའ་ཡིན་པས། ཁྲའོ་ཞན་གྱིས་འབྲེལ་འདྲིས་དང་ལེན་མི་བྱེད་པ་དང་ཛ་དྲག་གི་སྣང་ཚུལ་བཟོས་ཏེ་ལྷོ་བྱང་གི་འབྲེལ་བ་དེ་སྔོན་ཆད་ཀྱི་དགྲར་འཛིན་གྱི་དུས་རབས་སུ་བསྐྱལ་མི་རུང་ལ། ཧན་གོའི་སྲིད་གཞུང་གིས་རང་ནུས་ཅི་ལྕོགས་ཀྱིས་གྲོས་མོལ་རྣམ་པ་སྲུང་འཛིན་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།