ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨུ་རུ་སི་ཡིས་མུ་མཐུད་དུ་ལི་པུ་ཡཱ་ནས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐད་ནས་མཉམ་ལས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཐུར་ཁེ་དང་ཨུ་རུ་སི་ཡིས་མུ་མཐུད་དུ་ལི་པུ་ཡཱ་ནས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐད་ནས་མཉམ་ལས་བྱེད་རྒྱུ་ཡིན་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་མཉམ་དུ་དབྱི་སི་ཐན་པོར་ནས་གྲོས་མོལ་བྱས། ཁོས་དེའི་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་དང་ཨུ་རུ་སིའི་ལི་པུ་ཡཱའི་གནད་དོན་དང་འབྲེལ་བའི་རྩ་དོན་གཙོ་བོའི་ཐད་དུ་འགལ་བ་མེད་པ་དང་། ཐུར་ཁེ་ཕྱོགས་ཀྱིས་བལྟས་ན། ལི་པུ་ཡཱའི་དུས་གཏན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་མངོན་འགྱུར་བྱེད་པར་དམིགས་ཏེ། ཐུར་ཁེ་དང་ཨུ་རུ་སི་ཡིས་མུ་མཐུད་དུ་ལག་རྩལ་གྱི་རིམ་པ་ནས་གྲོས་བསྡུར་བྱས་ན་ལྷག་ཏུ་ཕན་ཐོགས་ཡོད་པར་བསམ་ཡོད། གནད་དོན་ཚང་མ་གསལ་བོར་ཡོང་རག་བར་ཕྱོགས་གཉིས་ཀྱིས་པུའུ་ཀྲང་རིམ་པའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བསྟན་དོན། ལི་པུ་ཡཱའི་འཁྲུག་རྩོད་མཚམས་འཇོག་པ་དེ་ཕྱོགས་གཅིག་གི་བྱ་སྤྱོད་མ་ཡིན་པ་དང་། ལི་པུ་ཡཱའི་མི་དམངས་ཀྱི་བསམ་འཆར་ལ་བསམ་བློ་མ་བཏང་བའི་གནས་ཚུལ་འོག་ཆོད་དོན་ཅི་ཞིག་སྤེལ་ཡང་དངོས་ཡོད་དང་མཐུན་པ་ཞིག་མིན་ཟེར། 

ཐུར་ཁེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་ཚེས་བཅུ་བཞིའི་ཉིན་དབྱི་སི་ཐན་པོར་ནས་གྲོས་མོལ་བྱས་ཏེ་གཙོ་བོ་ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་གཏན་འཁེལ་བྱས་ཡོད་ཀྱང་། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གྲོས་མོལ་འཆར་གཞི་དེ་རྗེས་སུ་སྣུར་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

ཀྲ་ལི་ཧྥུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཡང་བསྐྱར་སྒོ་འབྱེད་བྱེད་པ་དང་རྒྱལ་ཁབ་གཉིས་བར་གྱི་རྒྱལ་སྤྱིའི་གནམ་གྲུའི་གཏོང་ཐེངས་སླར་གསོ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཀྲ་ལི་ཧྥུའུ་ཡིས་དེའི་རྗེས་སུ་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཁོ་དང་ཆཱ་ཝུའུ་ཧྲི་ཨོ་ལུའུ་སོགས་ཐུར་ཁེའི་དཔོན་རིགས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱི་མཉམ་ལས་དང་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་གནད་དོན་བཅས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།