ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་མགོ་ཁྲིད་པས་ཀྲུང་གོའི་བར་གྱི་འཕྲོད་བསྟེན་རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། སུའུ་ཏན་ཕྱོགས་ཀྱིས་ཀྲུང་གོའི་རིམས་འགོག་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱས་ཤིང་། ཀྲུང་གོའི་བར་གྱི་འཕྲོད་བསྟེན་དང་རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། སུའུ་ཏན་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

པུའུ་ཨར་ཧན་གྱིས་བཞུགས་ཤག་ནས་སུའུ་ཏན་དུ་སྡོད་པའི་ཀྲུང་གཞུང་ཚབ་ཆེན་མོ་མཱ་ཞིན་མེན་ལ་ཐུག་འཕྲད་བྱེད་སྐབས། ཀྲུང་གོའི་སྲིད་གཞུང་གི་སུའུ་ཏན་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་གསོ་བཅོས་ཆེད་མཁས་ཚན་ཆུང་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། འདས་པའི་ཉིན་བཅུའི་ནང་། ཆེད་མཁས་ཚན་ཆུང་གིས་སུའུ་ཏན་ནས་བརྗེ་རེས་དང་འཚམས་འདྲིའི་བྱ་འགུལ་སྤེལ་ཏེ་སྤྱི་ཚོགས་ལས་རིགས་སོ་སོའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཀྲུང་གོའི་རྒྱབ་སྐྱོར་དང་རོགས་རམ་འོག སུའུ་ཏན་མྱུར་མོར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཟེར། 

པུའུ་ཨར་ཧན་གྱིས་ནན་གྱིས་བསྟན་དོན། སུའུ་ཏན་ཕྱོགས་ཀྱིས་ཀྲུང་གོ་ནི་ཆེས་ཡིད་རྟོན་རུང་བའི་འཐབ་ཇུས་གྲོགས་པོ་བརྩིས་ཡོད་ཅིང་། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཁྱབ་ཁོངས་སོ་སོ་ནས་སུའུ་ཏན་ལ་སྒེར་སེམས་མེད་པར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རྒྱལ་སྤྱིའི་ལས་དོན། དམག་དོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སུའུ་ཏན་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

མཱ་ཞིན་མེན་གྱིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཆེད་མཁས་ཚན་ཆུང་མངག་ནས་སུའུ་ཏན་གྱི་རིམས་འགོག་ཐད་རོགས་སྐྱོར་བྱས་པ་ལས་ཀྲུང་གོ་དང་སུའུ་ཏན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གལ་ཆེན་རང་བཞིན་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཟབ་མོ་མཚོན་ཡོད་པར་མ་ཟད། ཀྲུང་གོ་དང་སུའུ་ཏན་གྱིས་ལག་རྡང་སྦྲེལ་ནས་མཉམ་ལས་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་པའི་ལག་ལེན་ལ་རྩེ་གཅིག་ཏུ་གཞོལ་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ནང་དོན་གསར་བ་ཁ་སྣོན་བྱེད་བཞིན་པའང་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སུའུ་ཏན་བར་གྱི་རིམས་འགོག་དང་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། དེ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཀྲུང་གོའི་སྲིད་གཞུང་གི་སུའུ་ཏན་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་གསོ་བཅོས་ཆེད་མཁས་ཚན་ཆུང་གིས་ཚེས་བཅུ་གཅིག་ཉིན་ལས་འགན་ཡོད་ཚད་ཡོངས་འགྲུབ་བྱས་ཏེ་གནམ་གྲུར་བསྡད་དེ་ཕྱིར་རྒྱལ་ནང་དུ་ལོག 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།