ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་ཡོད་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་ཉིས་བརྒྱ་བཅུ་གཅིག་ཇེ་ཉུང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ད་ལྟ་ཡོད་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་ཉིས་བརྒྱ་བཅུ་གཅིག་ཇེ་ཉུང་དུ་སོང་བ་དང་བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་དྲུག་ཉིས་བརྒྱ་དོན་བཞི་ཇེ་ཉུང་དུ་སོང་།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་སོ་བརྒྱད་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་གསུམ་སྟོང་དྲུག་དགུ་བརྒྱ་གྱ་དགུ་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་ཞེ་བཞི་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་སུམ་བརྒྱ་ཞེ་ལྔ་རྐྱེན་ལམ་དུ་ཤོར། སྨན་ཁང་དུ་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཅིག་དང་ལྔ་བརྒྱ་དང་ལྔ་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བདུན་སྟོང་དྲུག་དང་བདུན་ཅུ་དྲག་སྐྱེད་བྱུང་།

སྲིད་གཞུང་གི་འཆར་འགོད་ལྟར། དབྱི་ཐ་ལི་རྒྱལ་ཁབ་ཀྱིས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་དོ་དམ་ཚོད་འཛིན་བྱེད་ཐབས་ལྷོད་གཡེང་དུ་བཏང་སྟེ་གློག་བརྙན་ཁང་དང་ཟློས་གར་ཁང་སོགས་རིག་གནས་འདུ་ཚོགས་བྱེད་ས་གཞན་དག་གི་སྒོ་ཡང་བསྐྱར་འབྱེད་པ་དང་། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་མི་མང་པོ་མཉམ་འཛོམས་མི་བྱེད་པ་དང་ཁ་ཐུམ་བརྒྱག་དགོས་པ་དེ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།