ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གལ་ཏེ་ཨ་མེ་རི་ཁས་ཡོ་རོབ་གླིང་གི་བཅའ་སྡོད་དམག་དཔུང་ཇེ་ཉུང་དུ་བཏང་ན་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལའོ་ཝ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་ཡོ་རོབ་གླིང་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་ཁ་གྲངས་ཇེ་ཉུང་དུ་བཏང་ན། ཡོ་རོབ་གླིང་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་ཡོ་རོབ་གླིང་དུ་སྡོད་པའི་བཅའ་སྡོད་དམག་དཔུང་གི་ཁ་གྲངས་ཇེ་ཉུང་དུ་གཏོང་བའི་བྱ་སྤྱོད་གང་ཡིན་ཡང་ཨུ་རུ་སིའི་ཕྱོགས་ཀྱིས་དགའ་བསུ་བྱེད་ངེས་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་དེ་ལྟར་བྱས་ན་ས་ཁུལ་གྱི་དམག་དོན་ཆབ་སྲིད་ཀྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་སྲུང་སྐྱོབ་མེད་པའི་གནས་ཚུལ་འོག་སྒེར་ཚུགས་ཀྱིས་རང་སྟེང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཡོད་པར་ཡིད་ཆེས་ཡོད། ཁོ་མོས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་སྒེར་སེམས་མེད་པར་སྲུང་སྐྱོབ་བྱེད་མི་སྲིད་པ་དང་། ནམ་རྒྱུན་འཇར་མན་སོགས་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་སྔོན་རྩིས་འགྲོ་སོང་ཇེ་མང་དུ་གཏོང་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་འཇར་མན་དུ་སྡོད་པའི་དམག་དཔུང་གི་ཁ་གྲངས་ཇེ་ཉུང་དུ་རྒྱུའི་ཚུལ་བསྟན་ཡོད་ཀྱང་། འབྲེལ་ཡོད་ཕྱོགས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་དག་ཕོ་ལན་དུ་གནས་སྤོར་བར་གདན་ཞུ་བྱས་ཡོད། དེར་ཨུ་རུ་སིའི་ཕྱོགས་ཀྱིས་དོགས་ཟོན་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟུར་ལྔའི་ཐོག་ཁང་ཆེན་མོས་ཟླ་དགུ་བའི་སྔོན་ལ་འཇར་མན་ནས་ཨ་མེ་རི་ཁའི་དམག་མི་ཁྲི་ཙམ་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་ཡོད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།