ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་འཕྲོད་བསྟེན་པུའུ་ཀྲང་གིས་རིམས་ནད་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་འཕྲོད་བསྟེན་པུའུ་ཀྲང་སི་ཕའེ་ལན་ཀྲ་ཡིས་ཚེས་བཅུ་གཅིག་ཉིན་གྲོས་ཁང་ཞོལ་མ་ནས་བསྟན་དོན། དབྱི་ཐཱ་ལེའི་ལས་རིགས་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་། མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཁྲོད་ནས་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་བའི་ཞོར་དུ་རིམས་ནད་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

སི་ཕའེ་ལན་ཀྲ་ཡིས་བཤད་རྒྱུར། དབྱི་ཐཱ་ལེ་ཡིས་ཐེངས་འདིའི་རིམས་ནད་གནས་ཚུལ་བརྗེད་མི་རུང་བ་དང་། སྔར་བྱུང་མྱོང་མེད་པའི་གནོད་འཚེའི་ཁྲོད་ནས་བསླབ་བྱ་བླངས་ཏེ། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་མ་ལག་ཐད་མ་དངུལ་མང་དུ་བཏང་ནས་བཅོས་བསྒྱུར་བྱེད་དགོས། རིམས་ནད་ཡང་བསྐྱར་འབྱུང་བའི་ངེས་པ་མེད་ཀྱང་ང་ཚོས་ངེས་པར་དུ་དོན་དེར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར། 

སི་ཕའེ་ལན་ཀྲ་ཡིས་བཤད་རྒྱུར། དབྱི་ཐཱ་ལེའི་རིམས་འགོག་གི་གཞི་གྲངས་ཚང་མར་དགའ་འོས་པའི་སྣང་ཚུལ་བྱུང་ཡོད་ཀྱང་། རིམས་ནད་ད་རུང་མཇུག་སྒྲིལ་མེད་ལ་ནད་དུག་སྔར་བཞིན་རྒྱ་ཡན་དུ་འགྲོ་བཞིན་ཡོད། མིག་སྔར་འཛམ་གླིང་ཡོངས་ཀྱི་ས་ཁུལ་མི་ཉུང་བ་ཞིག་ཏུ་ནད་དུག་སྔར་བཞིན་རྒྱ་ཡན་དུ་འགྲོ་བཞིན་ཡོད་པས། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ཧྲིན་ཀིན་ས་ཁུལ་གྱི་མཐའ་མཚམས་འགོག་སྲུང་ཇེ་ལྷོད་དུ་གཏོང་བའི་ཆ་རྐྱེན་གྲུབ་མེད་ཟེར། 

སི་ཕའེ་ལན་ཀྲ་ཡིས་བསྟན་དོན། དབྱི་ཐཱ་ལེ་དང་འཇར་མན། ཧྥ་རན་སི། ཧི་ལན་བཅས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་གིས་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་ལ་འཕྲིན་ཡིག་བསྐུར་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། འགོག་སྨན་གསར་སྤེལ་བྱས་རྗེས་ཡོ་རོབ་གླིང་གི་རྒྱལ་ཁབ་ཚང་མས་མཉམ་སྤྱོད་ཐུབ་པ་དང་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་སུ་འགྱུར་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱི་ཐཱ་ལེའི་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་བསྡོམས་རྩིས་སྙན་ཞུ་ལྟར་ན། ད་ལོའི་ཟླ་བཞི་བར། དབྱི་ཐཱ་ལེའི་བཟོ་ལས་ཐོན་སྐྱེད་ཀྱི་དམིགས་ཚད་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གཅིག་ཇེ་དམའ་རུ་སོང་བ་དང་། དུས་མཉམ་ལས་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་ལྔ་ཇེ་དམའ་རུ་སོང་ཡོད། ཟླ་དང་པོ་ནས་ཟླ་བཞི་བའི་བར་གྱི་བཟོ་ལས་ཐོན་སྐྱེད་དམིགས་ཚད་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བདུན་ཇེ་དམའ་རུ་སོང་ཡོད། སྙན་ཞུ་ལས་བཤད་རྒྱུར། མཇུག་འབྲས་དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ཡོངས་རང་བཞིན་གྱི་བཀག་སྡོམ་བྱེད་ཐབས་ལས་ཐོན་སྐྱེད་བྱ་འགུལ་མང་བོ་མཚམས་འཇོག་ཏུ་བཅུག་པས་རེད་ཟེར། 

སྲིད་གཞུང་གི་འཆར་འགོད་ལྟར་ན། དབྱི་ཐཱ་ལེ་ཡིས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་བཀག་སྡོམ་ཚོད་འཛིན་བྱེད་ཐབས་ཇེ་ལྷོད་དུ་གཏོང་རྒྱུ་ཡིན་པ་དང་། བྱིས་པའི་ཕྱི་རོལ་ཡུལ་གྱི་སྤྲོ་གསེང་དང་ཞབས་བྲོ་ཁང་། གློག་བརྙན་ཁང་། ཟློས་གར་ཁང་། དེ་མིན་རིག་གནས་བྱེད་སྒོ་སྤེལ་ས་གཞན་པ་དག་ཡང་བསྐྱར་སྒོ་འབྱེད་བྱེད་པར་ཆོག་མཆན་འགོད་སྲིད་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་བདེ་འཇགས་ཀྱི་བར་ཐག་སྲུང་འཛིན་བྱེད་པ་དང་ཁ་ཐུམ་བརྒྱག་དགོས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།