ཀྲུང་གོ་བོད་ཀྱི་དྲ་བ།

ཇོར་དྷན་གྱིས་སྐད་ཆ་བཤད་རྗེས་དངོས་སུ་བྱ་སྤྱོད་སྤེལ་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་མཁའ་དབྱིངས་གསར་འགྱུར་ཐོག་ཚེས་7ཉིན་གནས་ཚུལ་སྤེལ་བ་ལྟར་ན། NBAཡི་ལོ་རྒྱུས་ཐོག་གི་སྤོ་ལོ་རྒྱག་མཁན་གྲགས་ཅན་དང་ཤ་ལོ་ཐེ་སྦྲང་སེར་རུ་ཁག་གི་སྦྱིན་བདག་མའེ་ཁེར·ཇོར་དྷན་གྱིས་ཉིན་ཁ་ཤས་སྔོན་ལ་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཧྥུ་ལོ་དབྱི་ཏེ་ཤི་བའི་དོན་རྐྱེན་ཡང་བསྐྱར་གླེང་ཡོད་པ་དང་། ཁོང་གིས“(ཨ་ཧྥེ་རི་ཁའི་རིགས་རྒྱུད་ཀྱི་ཨ་རི་བ་ཡིན་པའི་ཆ་ནས་)ང་ཚོ་མནན་ནས་ལོ་མང་པོ་འགོར་ཡོད”ཅེས་བཤད་ཡོད་པ་དང་། ད་དུང་ཧྥུ་ལོ་དབྱི་ཏེ་ཤི་བ་ནི་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཡིན་པའི་ཨ་རི་བའི་“ཁ་ཕྱོགས་འགྱུར་མཚམས་”ཤིག་ཡིན་ཞེས་བཤད་ཡོད་པ་རེད།

1.jpeg

ཟླ་སྔོན་མའི་ཟླ་མཇུག་ཏུ་མེན་ནེ་སུའུ་ཏ་མངའ་སྡེ་རུ་མི་རྒྱུད་དཀར་པོའི་ཉེན་རྟོག་པ་ཞིག་གིས་མི་རྒྱུད་ནག་པོའི་སྐྱེས་པ་ཧྥུ་ལོ་དབྱི་ཏེ་ཡི་“སྐེ་ལ་པུས་མོས་མནན་ནས”མ་མཐར་ཡང་སྐར་མ་8ཙམ་རྒྱུན་བསྲིངས་བ་དང་། དེ་རྗེས་ཧྥུ་ལོ་དབྱི་ཏེ་རྐྱེན་ལམ་དུ་ཤོར་བ་རེད། ཇོར་དྷན་གྱིས་ཉེ་ཆར་བཅར་འདྲི་དང་ལེན་བྱེད་སྐབས་《ཤ་ལོ་ཐེའི་ལྟ་ཞིབ་མཁས་ཅན་གྱི་ཚགས་པར》ལ“(ཨ་ཧྥེ་རི་ཁའི་རིགས་རྒྱུད་ཀྱི་ཨ་རི་བ་ཡིན་པའི་ཆ་ནས་)ང་ཚོ་མནན་ནས་ལོ་མང་པོ་འགོར་ཡོད”ཅེས་དང་། “དེས་ཁྱོད་ཀྱི་རྣམ་ཤེས་ཁྱུར་མིད་བཏང་བས། ཁྱོད་ཀྱིས་མུ་མཐུད་དུ་དང་ལེན་བྱེད་མི་ཐུབ། འདི་ནི་ཁ་ཕྱོགས་འགྱུར་མཚམས་ཤིག་རེད། ང་ཚོས་རང་ཉིད་ཀྱི་ལངས་ཕྱོགས་མཚོན་དགོས་ལ། ང་ཚོའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རིགས་རྒྱུད་རིང་ལུགས་ཀྱི་གནད་དོན་ཐད་དེ་བས་ལེགས་པོ་བསྒྲུབ་དགོས”ཞེས་བཤད་ཡོད་པ་རེད།

མཁའ་དབྱིངས་གསར་འགྱུར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཇོར་དྷན་དང་ཁོང་གི་ཇོར་དྷན་ཚོང་རྟགས་ཀྱིས་མ་འོངས་པའི་ལོ་10ཡི་ནང་རིགས་རྒྱུད་འདྲ་མཉམ་དང་སྤྱི་ཚོགས་དྲང་བདེན་བརྩོན་ལེན་བྱེད་པའི་རྩ་འཛུགས་ལ་ཞལ་འདེབས་དབྱིན་སྒོར་ཁྲི་7900འབུལ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། བཅར་འདྲི་དང་ལེན་བྱེད་སྐབས་ཇོར་དྷན་གྱིས་“ཐོག་མར་སྒྲུབ་དགོས་པ་ནི་འབད་བརྩོན་ཡིན་པ་དང་། འདི་ནི་ཞལ་འདེབས་རྒྱག་པ་ཙམ་མ་ཡིན། འདི་ནི་ང་ཚོས་རང་ཉིད་ཀྱི་བྱ་སྤྱོད་ལ་ཞིབ་ལྟ་བྱེད་པའི་འབོད་སྐུལ་དང་། འདི་ནི་མགོ་ཚུགས་པ་གལ་ཆེན་ཞིག་ཡིན”ཞེས་བཤད་ཡོད་པ་རེད།

ཧྥུ་ལོ་དབྱི་ཏེ་ཤི་བའི་དོན་རྐྱེན་བྱུང་རྗེས། དེ་སྔོན་ཟླ་5པའི་ཚེས་31ཉིན། ཇོར་དྷན་གྱིས་ཀྱང་གསལ་བསྒྲགས་སྤེལ་ནས་“ཧྥུ་ལོ་དབྱི་ཏེ་ཤི་བ་དེས་ང་ལ་སེམས་སྡུག་ཆེན་པོ་བྱུང་། ཁོང་ཁྲོ་ཆེན་པོ་ལངས། ངས་མི་རེ་རེའི་སྐྱོ་སྡུག་དང་། ཁོང་ཁྲོ། ཡིད་ཆད་བཅས་ཚོར་ཐུབ། རིགས་རྒྱུད་མཐོང་ཆུང་གི་གཅོང་ནད་ལ་ངོ་རྒོལ་བྱེད་པའི་མི་རྣམས་ལ་ཞུ་རྒྱུར། ང་ཁྱོད་ཚོ་དང་མཉམ་དུ་ལངས་ཡོད། མདོག་ལྡན་མི་རྒྱུད་ལ་དམིགས་པའི་དྲག་ཤུགས་ཀྱི་བྱ་སྤྱོད་དེ་དག་ལ་ང་ཞེ་སྡང་ཆེན་པོ་སྐྱེས་ཡོད། ང་ཚོས་དངོས་གནས་བཟོད་ཐབས་བྲལ”ཞེས་བཤད་ཡོད།  །

2.png

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་པ། : བདེ་ལེགས་མཚོ།