ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ཐར་རྒྱལ་ཁབ་ཀྱིས་ཟླ་དྲུག་པའི་ཟླ་དཀྱིལ་ནས་བཟུང་རིམ་པ་བཞི་ལ་དབྱེ་ནས་རིམས་ནད་ཚོད་འཛིན་གྱི་བྱེད་ཐབས་མེད་པར་བཟོ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁ་ཐར་སྲིད་གཞུང་གི་མགྲིན་ཚབ་པ་ལུའུ་ལེ་ཝ·ལ་ཤིས་ཏེ·ཧ་ཐིའར་གྱིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཁ་ཐར་རྒྱལ་ཁབ་ཀྱིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ནས་བཟུང་། དུས་རིམ་བཞིར་དབྱེ་ནས་པྲོག་གསར་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཅི་ཡོད་མེད་པར་གཏོང་རྒྱུ་རེད།

ཧ་ཐི་ཨར་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་སྒོ་བཀག་གི་རྣམ་པར་ལྷོད་གཡེང་གཏོང་བའི་དུས་རིམ་དང་པོར་སླེབས་པ་དང་། དུས་རིམ་གཉིས་པ་ནི་ཟླབདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཡིན་ལ། དུས་རིམ་གསུམ་པ་ནི་ཟླབརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་རེད། དུས་རིམ་བཞི་པ་ནིཟླ་དགུ་པའི་ཚེས་གཅིག་ཉིན་ནས་འགོ་རྩོམ་རྒྱུ་ཡིན་ཟེར།

དུས་རིམ་དང་པོར་དུས་གཏན་གནམ་གྲུ་ཁག་ཅིག་འཁོར་སྐྱོད་སླར་གསོ་བྱས་ནས། དབྱི་སི་ལམ་གྱི་ལྷ་ཁང་ཁག་ཅིག་སླར་ཡང་སྒོ་ཕྱེ་ཆོག་པ་རེད། དུས་རིམ་གཉིས་པར་ཟ་ཁང་ཁ་ཤས་བསྐྱར་དུ་ལས་འགོ་རྩོམ་རྒྱུ་རེད། དུས་རིམ་གསུམ་པར་ཉེན་ཁ་ཆུང་བའི་རྒྱལ་ཁབ་ནས་ཡོང་བའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་རྒྱལ་ཁོངས་སུ་འཛུལ་ཆོག་པ་བྱེད་རྒྱུ་དང་། ཁ་ཐར་བཅའ་སྡོད་ཀྱི་ཐོབ་དཔང་ཡོད་མཁན་ཚོ་སྔོན་ལ་དུས་གཏན་གནམ་གྲུར་བསྡད་ཆོག་པ་བྱེད་རྒྱུ་རེད། དེ་མིན་ཁྲོམ་ར་དང་ཉོ་ཚོང་ལྟེ་གནས་ནི་མི་ཚོགས་ཀྱི་འདུས་ཚད་དང་ཕར་འགྲོ་ཚུང་འོང་གི་ཚད་ལ་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཡང་བསྐྱར་སྒོ་འབྱེད་རྒྱུ་རེད།

བླང་བྱ་ལྟར་ན། རྒྱལ་ཁོངས་སུ་ཡོང་བའི་མི་སྣ་ཚང་མ་ངེས་པར་དུ་དམིགས་བཙུགས་མགྲོན་ཁང་ནས་དུས་ཡུན་ཉིན་བཅུ་བཞི་ལ་ལོགས་སུ་བཀར་རྒྱུ་དང་། ལོགས་སུ་བཀར་བའི་རིང་གི་འགྲོ་གྲོན་ཡོད་ཚད་མི་སྒེར་རང་ངོས་ནས་གཏོང་དགོས་པ་ཐག་བཅད།

དུས་རིམ་བཞི་པར་སླེབས་པ་ན། དབྱི་སི་ལམ་ལྷ་ཁང་ཡོངས་རྫོགས་ཡང་བསྐྱར་སྒོ་འབྱེད་ཆོག་པ་དང་། གློག་བརྙན་ཁང་དང་ཟློས་གར་ཁང་སོགས་སུ་ཡང་བསྐྱར་ལས་གཉེར་བྱས་ཆོག དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུའི་ལན་གྲངས་མང་དུ་འགྲོ་རྒྱུ་དང་། དམངས་ཚོགས་ཀྱིས་བྱེད་སྒོ་མང་པོ་སྤེལ་ཆོག དེའི་ནང་གཉེན་སྟོན་དང་འགྲེམས་སྟོན་བྱེད་སྒོ་སོགས་ཀྱང་ཚུད་ཡོད།

ཧ་ཐི་ཨར་གྱིས་བཤད་རྒྱུར། དུས་རིམ་བཞི་པ་ནི་སློབ་སྐབས་གསར་པའི་སློབ་འགོ་རྩོམ་པའི་དུས་དང་འཁེལ་ཡོད་པས། སྲིད་གཞུང་གིས་སློབ་གསོའི་སྒྲིག་གཞིར་ཚོད་འཛིན་འོས་འཚམ་བྱ་རྒྱུ་ཡིན་ཟེར། ཧ་ཐི་ཨར་གྱིས་མུ་མཐུད་དེ་བཤད་རྒྱུར། གལ་ཏེ་དགོས་མཁོ་བྱུང་ན་སྲིད་གཞུང་གིས་སླར་ཡང་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པའམ་ཡང་ན་བཀག་སྡོམ་བྱ་རྒྱུ་རིང་དུ་མི་གཏོང་བའི་ངེས་པ་མེད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།