ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་དགུའི་ཉིན་ཁ་པར་བརྒྱུད་དེ། ཝུའུ་ཁི་ལན་དང་ལི་པུ་ཡཱ་སོགས་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། 

ཚེས་དགུ་ཉིན་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་མའོ་ཁི་ཨར་དང་ཁ་པར་གྲོས་མོལ་བྱས་པ་དང་། མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཉིས་སྟོང་བཅོ་ལྔ་ལོའི་མེན་སི་ཁིའི་གྲོས་མཐུན་དང་ཉིས་སྟོང་བཅུ་དགུ་ལོའི་ནོའུ་མན་ཏིས་རྣམ་པའི་པཱ་རེ་སིའི་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་དངོས་འབེབ་བྱེད་པར་གྲུབ་འབྲས་ཐོབ་མེད་པས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད། མིག་སྔའི་ལས་འགན་གཙོ་བོ་ནི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་དང་ནོའུ་མན་ཏིས་རྣམ་པའི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ཡང་བསྐྱར་ཝུའུ་ཁི་ལན་སྲིད་གཞུང་དང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་གྱིས་ཐད་ཀར་གྲོས་མོལ་སྤེལ་ནས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་གནས་ཚུལ་ལ་གྲོས་བསྡུར་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས་ཡོད་ཟེར། 

གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱས་པ་དང་། གང་མགྱོགས་སྒོས་འཁྲུག་རྩོད་མཚམས་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་ཁྲིད་འོག་ལི་པུ་ཡཱའི་ནང་ཁུལ་གྱི་གྲོས་མོལ་མགོ་རྩོམ་དགོས་པ་ནན་བཤད་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཨེ་ཅིབ་རྒྱལ་ཁབ་ཀྱིས་ཞི་བའི་སྒོ་ནས་ལི་པུ་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་འདུམ་འགྲིག་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། 

དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གཏོང་སྐབས་སི་རི་ཡཱའི་གནས་བབ་ཀྱི་གྲུབ་འབྲས་གལ་ཆེན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་མིག་སྔའི་རིམས་འགོག་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།