ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་ཀྲུང་གོར་བཟུང་བའི་རྣམ་འགྱུར་དང་གཏམ་སྤྱོད་བསྒྱུར་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱིས་ཉེ་སྔོན་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་ལ་འཕྲིན་ཡིག་བསྐུར་ནས། ཨོ་སི་ཁྲུ་ལི་ཡཱའི་ཆབ་སྲིད་ལས་རིགས་ཀྱི་མི་སྣས་མྱུར་དུ་ཀྲུང་གོར་བཟུང་བའི་རྣམ་འགྱུར་དང་གཏམ་སྤྱོད་བསྒྱུར་ནས། ཨོ་སི་ཁྲུ་ལི་ཡཱ་དང་དེ་མིན་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བར་སྔར་ལས་གནོད་པ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨོ་སི་ཁྲུ་ལི་ཡཱའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མཱ་ཞིག་སི་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་དེའི་སྔོན་ཀྲུང་གོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཐད་ཚད་ལས་བརྒལ་བའི་སྐྱོན་འཛུགས་བྱས་པར་ཁུངས་ལུང་མེད་པ་དང་བསམ་བཞིན་དུ་དོན་དངོས་འཁྱོག་བརྗོད་བྱས་ཡོད། སྲིད་གཞུང་གི་ཚད་བརྒལ་གྱི་རྣམ་འགྱུར་དང་ལུགས་དང་མི་མཐུན་པའི་སྐྱོན་བརྗོད་ལས་ཉེན་ཁ་མང་དུ་འབྱུང་སྲིད་ཟེར། 

ཁོ་མོས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱའི་ཆབ་སྲིད་ལས་རིགས་ཀྱི་མི་སྣ་རེ་འགའི་གཏམ་སྤྱོད་ལས་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ཁབ་ཁེ་ཕན་ལ་གནོད་པ་བཟོ་སྲིད། རྒྱུ་མཚན་ནི་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དམ་དུ་འབྲེལ་ཡོད་པས་ཡིན། ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གི་ཉེ་སྔོན་གྱི་རྣམ་འགྱུར་དེས་ཨོ་སི་ཁྲུ་ལི་ཡཱའི་མང་ཚོགས་ཀྱི་ལྟ་ཚུལ་གྱི་ཚབ་བྱེད་མི་ཐུབ། ང་ཚོས་ཞི་བདེ་དང་འཆམ་མཐུན་གྱི་འབྲེལ་བ་འཛུགས་པར་འབད་བརྩོན་དང་འཇིགས་ཉེན་ས་ཁུལ་གྱི་ཞི་བདེའི་དཀྲུག་འཕེན་རང་བཞིན་གྱི་ཆབ་སྲིད་བཟོ་ལྟར་བཀག་འགོག་བྱེད་དགོས་ཟེར། 

ཨོ་སི་ཁྲུ་ལི་ཡཱའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ནི་གཅིག་སྟོང་དགུ་བརྒྱ་ང་གཅིག་ལོར་ཨོ་སི་ཁྲུ་ལི་ཡཱ་ནས་བཙུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ཇེ་དྲག་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།