ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་གྱི་མཐོ་རིམ་གྲོས་ཚོགས་ནས་ལག་རྡང་སྦྲེལ་ཏེ་རིམས་ནད་འགོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200605083405Lf71.jpg

ཟླ་དྲུག་པའི་ཚེས་བཞི་ཉིན། དབྱིན་ཇིའི་ལོན་ཏོན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་གྱི་བརྙན་རིས་མཐོ་རིམ་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་དྲ་ཐོག་ནས་མགོ་འཛིན་བྱས་པའི་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་གྱི་བརྙན་རིས་མཐོ་རིམ་གྲོས་ཚོགས་དེ་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ་མགོ་བརྩམས། མཐོ་རིམ་གྲོས་ཚོགས་ནས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ལག་རྡང་སྦྲེལ་ཏེ་མཉམ་ལས་བྱེད་པ་དང་། མ་དངུལ་གཅིག་བསྡུ་བྱས་ཏེ་འགོག་སྨན་གསར་སྤེལ་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་དགོས་ལ། མཉམ་དུ་རིམས་ནད་འགོག་རྒོལ་བྱས་ཏེ་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ་བཏང་། 

རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་གི་འཐུས་མི་ཐེངས་འདིའི་བརྙན་རིས་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དང་། དམིགས་ཡུལ་ནི་མཉམ་དུ་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་མནའ་འབྲེལ་ལ་མ་མཐའ་ཡང་མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བཞི་བསྡུ་བའི་ཆེད་དུ་རེད། མཐོ་རིམ་གྲོས་ཚོགས་ཉིན་དེར་མཇུག་སྒྲིལ་བའི་འཆར་གཞི་ཡོད་པ་རེད། 

ཡའོ་ཧན་ཞོན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་འཛམ་གླིང་ཡོངས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། དབྱིན་ཇི་ཡིས་མ་འོངས་པའི་ལོ་ལྔའི་ནང་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་མནའ་འབྲེལ་ལ་དབྱིན་ཇིའི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་ལྔ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། ཁོས་རྒྱལ་ཁབ་སོ་སོ་དངུལ་བསྡུའི་ལས་དོན་ནང་ཞུགས་པ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་མཉམ་ལས་ཀྱི་དུས་རབས་གསར་བ་གསར་བསྐྲུན་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་སུ་འགོ་ནད་འབྱུང་བར་སྔོན་འགོག་བྱེད་པའི་ཐད་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱིན་ཇིའི་སྲིད་གཞུང་གིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། འཛམ་གླིང་ཡོངས་ཀྱིས་མཉམ་དུ་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་མནའ་འབྲེལ་ལ་བསྡུས་པའི་མ་དངུལ་དེ་ཉིས་སྟོང་ཉེར་ལྔ་ལོའི་བར་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་དག་གི་བྱིས་པ་དུང་ཕྱུར་གསུམ་ལ་རིགས་སྣ་ཚོགས་ཀྱི་འགོག་སྨན་བརྒྱག་པར་རོགས་རམ་བྱེད་པའི་ཐད་བཀོལ་ནས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་རྒྱུན་སྲོལ་གྱི་འགོག་སྨན་བརྒྱག་པར་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུ་ཡིན། དེའི་ཞོར་དུ་བདེ་འཇགས་དང་ཕན་ནུས་ལྡན་པའི་པྲོག་དབྱིབས་ནད་དུག་གི་འགོག་སྨན་གསར་སྤེལ་བྱེད་ཐུབ་པ་བྱུང་ན། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་མནའ་འབྲེལ་གྱིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།