ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་དུ་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་བསྐྱར་དར”ཡིན་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་པུའུ་རེ་ནེ་ཝ་རུ་གནས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་གསུམ་ཉིན།འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་བསྐྱར་དར”ཡིན་ཞེས་ཁྱབ་བསྒྲགས་བྱས།

སྐབས་ང་གཅིག་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར་འཚོག་རྒྱུ་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་ངོ་སྤྲོད་བྱས་དོན། “འཛམ་གླིང་བསྐྱར་དར”གྱི་དམིགས་ཚད་དེས་འཛམ་གླིང་ཁྱབ་ཁོངས་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་མ་ལག་གི་རྨང་གཞི་ཐུན་མོང་ཐོག་མགྱོགས་མྱུར་འཛུགས་རྒྱུར་གཞོལ་ནས། སྔར་ལས་ དྲང་གཞག་དང་སྔར་ལས་རྒྱུན་མཐུད། སྔར་ལས་སྟོབས་ཤུགས་ལྡན་པ་བཅས་ཀྱི་འབྱུང་འགྱུར་ཞིག་བསྐྲུན་རྒྱུ་ཡིན་ཟེར།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་པ་དང་ལག་བསྟར་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ཧྲི་ཝ་པུའུ་ཡིས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྐབས་དེར་སུའེ་ཙེར་གྱི་ཏ་ཝོ་སི་རུ་འཚོགས་པའི་དྲ་འོག་གྲོས་ཚོགས་ཧ་ཅང་གལ་ཆེན་ཡིན། དེས་གོ་ལ་ཧྲིལ་བོར་རིམས་ནད་ཀྱི་ཉེན་ཁ་གསར་བ་ལས་ཐར་ནས་ཡང་བསྐྱར་མ་འོངས་འཛུགས་སྐྲུན་གྱི་བརྡ་རྟགས་ལ་དམིགས་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་སུའེ་ཙེར་སྲིད་གཞུང་དང་མཉམ་དུ། སྤྱི་ཚོགས་འབྲེལ་བའི་བར་ཐག་ཡོད་ཚད་ལ་ཁག་ཐེག་བྱེད་ཐུབ་པ་དང་། ཚོགས་འདུའི་བདེ་འཇགས་ལ་ཁག་ཐེག་བྱེད་ཐུབ་ཟེར།

དེ་ཉིན་གྱི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བརྙན་ལམ་ཡོངས་བསྒྲགས་ཚོགས་འདུར་ཞུགས་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ ཀུ་ཐེ་ལེ་སིས་བཤད་རྒྱུར། རིམས་ནད་ནི་མིའི་རིགས་ཀྱི་སྐྱོ་གར་ཞིག་ཡིན་པའི་ཆ་ནས་དེས་ང་ཚོར་དྲན་སྐུལ་གྱི་ཉེན་བརྡ་བཏང་། རིམས་ནད་བྱུང་རྗེས་ཀྱི་བསྐྱར་དར་ཁྲོད། ངེས་པར་དུ་སྔར་ལས་འདྲ་མཉམ་དང་བསྟུན་མཁས། རྒྱུན་མཐུད། སྔར་ལས་སྟོབས་ཤུགས་རྫོགས་པ་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བཙུགས་ནས། ནད་ཡམས་དང་གནམ་གཤིས་འགྱུར་ལྡོག གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྱུར་ལྡོག་གཞན་དག་བཅས་ལ་ཁ་གཏད་གཅོག་དགོས་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་ཡིས་ཀྱང་བསྟན་དོན། རིམས་ནད་ཀྱི་གནས་ཚུལ་འདྲ་མཉམ་མིན་པར་འགྱུར་སྲིད། འོན་ཀྱང་གལ་ཏེ་ཉམས་ཞན་ཚོགས་སྤྱིའི་ཁེ་ཕན་ལ་ལྟ་རྟོག་བྱས་ནས་མི་སྔར་ལས་མང་བ་ཞིག་གིས་འདྲ་མཉམ་ངང་འཕེལ་རྒྱས་ཀྱི་གོ་སྐབས་དང་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཚེ། དེ་ན་རིམས་ནད་བྱུང་རྗེས་ཀྱི་འཛམ་གླིང་སྔར་ལས་བཟང་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།