ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡིས་དམངས་དབང་ཞུ་གཏུག་བྱས།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་མིང་ཉི་སུའུ་ཏ་ཀྲོའུ་ཡིས་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན།ཨ་ཧྥེ་རི་ཁའི་རྒྱུད་ཀྱི་སྐྱེས་པ་ཆའོ་ཀྲི·ཧྥུ་ལུའོ་དབྱི་ཏེར་ཉེན་རྟོག་པའི་གཏུམ་སྤྱོད་ཀྱི་ཁྲིམས་འཛིན་ཕོག་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དེས།ཀྲོའུ་དེའི་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་ཉེན་རྟོག་ཅུས་ལ་དམངས་དབང་གི་ཉེས་བགྲང་ཞུ་གཏུག་བྱས་ཤིང་། དེས་མ་ལག་རང་བཞིན་གྱི་སྒོ་ནས་ མདོག་ལྡན་མི་རྒྱུད་ལ་མཐོང་ཆུང་བྱེད་མིན་ལ་བརྟག་དཔྱད་བྱ་རྒྱུ་རེད།

ཚེས་གཉིས་ཉིན། མིང་ཉི་སུའུ་ཏ་ཀྲོའུ་ཡི་ཀྲོའུ་ཀྲང་ཝོར་ཚི་དང་ཀྲོའུ་འགྲོ་བ་མིའི་ཐོབ་ཐང་པུའུ་ཡིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ནས་གནས་ཚུལ་དེ་ཁྱབ་བསྒྲགས་བྱས། ཝོར་ཚིས་བཤད་རྒྱུར། ཧྥུ་ལུའོ་དབྱི་ཏེ་ཉེན་རྟོག་པས་གང་བྱུང་དུ་ཚེ་སྲོག་འཕྲོག་པ་དང་། ང་ཚོས་ཤུལ་དུ་གནས་པའི་གནད་དོན་དེ་གལ་འགངས་ཆེ་ཤོས་ཤིག་ཡིན་པ་ཚོར་གྱི་ཡོད་ཟེར།

ཝོར་ཚིས་བཤད་རྒྱུར། མིང་ཉི་སུའུ་ཏ་ཀྲོའུ་འགྲོ་བ་མིའི་ཐོབ་ཐང་པུའུ་ཡིས་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་འདས་ཟིན་པའི་ལོ་བཅུའི་རིང་གི་སྲིད་ཇུས་དང་གོ་རིམ། བྱེད་སྟངས་བཅས་ལ་བརྟག་དཔྱད་བྱས་ནས། གྲོང་ཁྱེར་དེའི་ཉེན་རྟོག་ཕྱོགས་ཀྱིས་བརྒྱུད་རིམ་རང་བཞིན་གྱི་སྒོ་ནས་མདོག་ལྡན་མི་རྒྱུད་ལ་མཐོང་ཆུང་བྱེད་མིན་གཏན་འཁེལ་བྱེད་དགོས་པར་མ་ཟད།ཐག་གཅོད་བྱེད་ཐབས་ཀྱང་འཚོལ་དགོས་ཟེར།

ཨ་མེ་རི་ཁའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་བཅུ་ཕྲག་ཁ་ཤས་རིང་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡིས། ཨ་མེ་རི་ཁའི་རིགས་ཉུང་ཤས་ཀྱི་གདུང་རྒྱུད་ལ་དྲག་ཤུགས་དང་རིགས་རྒྱུད་གཞན་དག་ལ་མཐོང་ཆུང་བྱེད་པའི་བྱེད་སྤྱོད་ལ་ཞུ་གཏུག་ཐེངས་མང་བྱས་པ་རེད་ཟེར།

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན།མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་གྱི་ཉེན་རྟོག་པས་ཧྥུ་ལུའོ་དབྱི་ཏེ་འཛིན་བཟུང་བྱེད་སྐབས་པུས་མོས་ཁོང་གི་སྐེ་ལ་མུ་མཐུད་གཉའ་གནོན་བྱས་ནས་སྐར་མ་དགུ་ཙམ་སོང་ཞིང་། དེའི་རིང་ཕུའུ་ལུའོ་དབྱི་ཏེས“ངས་དབུགས་འབྱིན་རྔུབ་བྱེད་ཐབས་མེད”ཅེས་བཤད། དེའི་རྗེས་སུ་ཚེ་ལས་འདས། ཉིན་ཤས་བསྟུད་མར་དོན་རྐྱེན་འདི་ཨ་མེ་རི་ཁའི་ས་གནས་ཁག་ཏུ་རྒོལ་གཏམ་དང་ཟིང་ཆ་བསླངས་པ་རེད། མིག་སྔར་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེན་རྟོག་པ་བཞི་ཡི་གོ་གནས་ཕྱིར་འཐེན་བྱས་ཡོད། དེའི་ནང་པུས་མོས་ཧྥུ་ལུའོ་དབྱི་ཏེ་མཇིང་པར་གཉའ་གནོན་བཏང་ནས་རྐྱེན་ལམ་དུ་བཏང་བའི་མི་རྒྱུད་དཀར་པོའི་ཉེན་རྟོག་པ་ཏེ་ལེ་ཁེ·ཤའོ་དབན་ལ་རིམ་པ་གསུམ་པའི་ལྐོག་གསོད་ཉེས་པ་དང་། ལས་འཛོལ་ཤོར་ནས་མི་བསད་པའི་ཉེས་པ་བསགས་པའི་ཆད་པ་བཅད་ཅིང་། དེ་མིན་གྱི་མི་གསུམ་ལ་ཁྲིམས་སྦྱོར་བྱས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།