ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་གྱིས་ཨ་མེ་རི་ཁའི་བར་གྱི་དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་གྱི་ཕྱི་འབྲེལ་པུའུ་ཀྲང་ལོ་ཆན་གྱིས་ཚེས་གཉིས་ཉིན་བསྟན་དོན། ཧྥེ་ལེ་པེན་གྱི་ཕྱི་འབྲེལ་པུའུ་ཡིས་ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ལ་བརྡ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་བཀོད་པའི་དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། 

ལོ་ཆན་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཧྥེ་ལེ་པེན་ཕྱོགས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་དེ་ཟླ་ངོ་དྲུག་ལ་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན། ཟླ་ངོ་དྲུག་འགོར་རྗེས་ཧྥེ་ལེ་པེན་ཕྱོགས་ཀྱིས་ཡང་བསྐྱར་ཟླ་ངོ་དྲུག་རིང་ལག་བསྟར་བྱེད་མཚམས་འཇོག་པའི་དབང་ཆ་ཡོད། གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་པའི་ཆོད་དོན་ནི་མིག་སྔའི་ས་ཁོངས་ཀྱི་གནས་བབ་འགྱུར་ལྡོག་ལ་གཞིགས་པ་ཡིན་ལ། ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡི་ཆོག་མཆན་ཐོབ་ཡོད་ཟེར། 

ཧྥེ་ལེ་པེན་གྱིས་ད་ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཨ་མེ་རི་ཁའི་བར་གྱི་དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་ཆོད་དོན་སྤེལ་རྒྱུ་ཁྱབ་སྒྲོག་བྱས། དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་ནི་ཧྥེ་ལེ་པེན་དང་ཨ་མེ་རི་ཁས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་བཀོད་པའི་དམག་དོན་གྲོས་མཐུན་གལ་ཆེན་ཞིག་ཡིན་པ་རེད། གྲོས་མཐུན་དེ་ལས་ཨ་མེ་རི་ཁའི་དམག་དཔུང་དང་དམག་དོན་གྱི་འབྲེལ་ཡོད་མི་སྣ། དེ་མིན་དམག་དོན་སྒྲིག་ཆས་བཅས་ཧྥེ་ལེ་པེན་དུ་ཡོང་བའི་ཆ་རྐྱེན་དང་འགུལ་སྐྱོད་ཁྱབ་ཁོངས། ཐོབ་སྲིད་པའི་སྟབས་བདེའི་འགྲོ་ལུགས་བཅས་གཏན་འཁེལ་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་འབྲེལ་ཡོད་ནང་དོན་ཡང་འདུས་ཡོད། ཕྱོགས་གཉིས་ཀྱི་དུས་བཅད་ལྟར་ན། གལ་ཏེ་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་ན། ཕྱོགས་གང་རུང་གིས་ཡིག་ཐོག་གི་རྣམ་པས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕ་རོལ་བར་བརྡ་གཏོང་དགོས་པ་དང་། བརྡ་འབྱོར་རྗེས་ཀྱི་ཉིན་བརྒྱ་དང་བརྒྱད་ཅུའི་ནང་གྲོས་མཐུན་རང་བཞིན་གྱིས་ལག་བསྟར་བྱེད་མཚམས་བཞག་ཆོག་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།