ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་མིན་ལ་ཞལ་འདེབས་འབུལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གཉིས་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞལ་འདེབས་ཕུལ་ནས། ཡེ་མིན་རྒྱལ་ཁབ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་དཀའ་ཁག་ལས་སྒྲོལ་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་དང་སོ་ཏི་ཨ་རབ་ཀྱིས་ཚེས་གཉིས་ཉིན་མཉམ་དུ་ཡེ་མིན་གྱི་གནད་དོན་ཐད་ནས་རྒྱལ་སྤྱིའི་ཞལ་འདེབས་འབུལ་བའི་བརྙན་རིས་ཚོགས་ཆེན་བསྡུས། ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ལོ་ལྔ་ལྷག་གི་འཐབ་འཁྲུག་ལས་ཡེ་མིན་མི་དམངས་དཀའ་སྡུག་གི་གནས་སུ་ལྷུང་ཡོད་པ་དང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་སྔར་ལས་དཀའ་ཁག་ཇེ་ཆེར་བཏང་ཡོད་ཟེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ཡོད་ཀྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་སྲུང་འཛིན་དང་ཡེ་མིན་གྱིས་རིམས་ནད་འགོག་རྒོལ་བྱེད་པར་རོགས་རམ་བྱེད་དགོས་ཡོད་ཀྱང་། མ་དངུལ་མི་འདང་བ་ལས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འཆར་གཞི་མང་ཆེ་བ་མཚམས་མི་འཇོག་ཐབས་མེད་དུ་གྱུར་ཡོད་ཟེར། ཁོས་བཤད་རྒྱུར། གལ་ཏེ་སྔར་ལས་མང་བའི་མ་དངུལ་གྱི་རྒྱབ་སྐྱོར་མ་ཐོབ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི་རོགས་སྐྱོར་ལས་གཞི་ཞེ་གཅིག་ཁྲོད་ཀྱི་ལས་གཞི་སུམ་ཅུ་ལྷག་གཟའ་འཁོར་འགའི་ནང་བཙན་གྱིས་མཚམས་འཇོག་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལང་ལོང་སྒོས་ཞལ་འདེབས་འབུལ་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཚོད་དཔག་བྱས་པ་ལྟར་ན་རྒུད་སྐྱོབ་ལས་ཁུངས་ཀྱིས་ད་ལོའི་ཟླ་དྲུག་པའི་ཚེས་བཅུ་གཉིས་བར་ཡེ་མིན་གྱི་རྒུད་སྐྱོབ་འགུལ་སྐྱོད་སྲུང་འཛིན་བྱེད་པར་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་གཅིག་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ཚེས་གཉིས་ཉིན་ཞལ་འདེབས་ཁས་ལེན་བྱེད་པའི་ཚོགས་ཆེན་ནས་བསྡོམས་པས་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་ལྔའི་ཞལ་འདེབས་འབུལ་རྒྱུ་ཁས་ལེན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།