ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་དང་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཨ་མེ་རི་ཁས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་པ་དང་། ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་གནད་དོན་ལ་གྲོས་བསྡུར་བྱས་ཤིང་། ཕུའུ་ཅིན་གྱིས་ཨ་མེ་རི་ཁས་ཨུ་རུ་སི་ལ་འབྱིན་རྔུབ་འཕྲུལ་ཆས་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། 

འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་གླེང་སྐབས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་བསྟན་དོན། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་དང་རྩ་འཛུགས་དེར་མི་གཏོགས་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་བཀོད་པའི་རྡོ་སྣུམ་གྱི་ཐོན་ཚད་ཇེ་དམའ་རུ་གཏོང་བའི་གྲོས་མཐུན་དེ་རྡོ་སྣུམ་ཚོང་རའི་དགོས་མཁོ་སླར་གསོ་དང་རིན་གོང་གཏན་འཇགས་ཡོང་བར་ཕན་ཐོགས་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སི་དང་ཨོ་སི་ཁྲུ་རི་ཡཱ། རྒྱ་གར། ཧན་གོ་བཅས་ཀྱི་མགོ་ཁྲིད་པ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུས་བྱེད་ངེས་ཡིན་ཟེར། 

ཕུའུ་ཅིན་གྱིས་ཨ་མེ་རི་ཁའི་འབྲུག་ཅེས་པའི་འཕུར་གྲུ་བདེ་བླག་ངང་གཏོང་འཕེན་བྱས་ཏེ་ཨ་མེ་རི་ཁའི་མཁའ་འགྲུལ་པ་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་སྐྱེལ་བར་རྟེན་འབྲེལ་ཞུས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཁའ་འགྲུལ་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་སྤེལ་འདོད་ཡོད་པའི་ཚུལ་བསྟན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་འཐབ་ཇུས་གཏན་འཇགས་ཀྱི་གྲོས་མོལ་སྤེལ་བ་དང་དམག་དོན་ཡིད་ཆེས་བྱེད་ཐབས་སྤྱོད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།