ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཅོར་ཏན་ལ་རིམས་འགོག་མཁོ་དངོས་སྐོར་ཞིག་ཞལ་འདེབས་སུ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཅོར་ཏན་ལ་རིམས་འགོག་མཁོ་དངོས་སྐོར་ཞིག་ཞལ་འདེབས་སུ་ཕུལ། དེའི་ནང་སྨན་བཀོལ་འགོག་སྲུང་ལྭ་བ་དང་ཁ་ཐུམ། ཚད་འཇལ་དཔྱད་ཆས་སོགས་འདུས། 

ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཕན་ཝེ་ཧྥང་གིས་ཉིན་དེར་ཨན་མན་ནས་སྤེལ་བའི་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོའི་ཕྱོགས་ཀྱིས་ནམ་རྒྱུན་ཅོར་ཏན་གྱི་རིམས་འགོག་ཐད་རང་ནུས་ཅི་ལྕོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། དེའི་སྔོན་ཀྲུང་གོའི་སྲིད་གཞུང་སྡེ་ཁག་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ཐེངས་མང་བོར་ཅོར་ཏན་ཕྱོགས་ལ་རིམས་འགོག་མཁོ་དངོས་དང་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཤིང་། ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཅོར་ཏན་ཕྱོགས་བར་ཐོག་མཐའ་བར་གསུམ་དུ་འབྲེལ་འདྲིས་ཟབ་མོ་བྱས་པ་དང་། རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས། ཐེངས་འདིར་ཞལ་འདེབས་སུ་ཕུལ་བའི་རིམས་འགོག་མཁོ་དངོས་ལ་སྨན་བཀོལ་འགོག་སྲུང་ལྭ་བ་ཁྲི་གཅིག་དང་ཁ་ཐུམ་ཁྲི་དྲུག འགོག་སྲུང་མིག་ཤེལ་ཁྲི་གཅིག ལག་ཤུབས་ཁྲི་གཅིག ཚ་འཇལ་དཔྱད་ཆས་ཉིས་བརྒྱ། ཚད་འཇལ་སྦྱོར་སྨན་ཁྲི་གཉིས་བཅས་འདུས་ཟེར། 

ཕན་ཝེ་ཧྥང་གིས་ནན་གྱིས་བསྟན་དོན། ནད་དུག་ལ་རྒྱལ་ཁབ་ཀྱི་དབྱེ་བ་མེད་པ་དང་རིམས་ནད་ལ་རིགས་རྒྱུད་ཀྱི་ཁྱད་པར་མེད། མིའི་རིགས་ནི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་ཞིག་ཡིན་པས། མཐུན་སྒྲིལ་མཉམ་ལས་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་ཁག་ཐེག་ཡིན་ཟེར། ཁོས་བསྟན་དོན། ཅོར་ཏན་གྱི་རིམས་ནད་གནས་ཚུལ་རིམ་བཞིན་ཇེ་བཟང་དུ་འགྲོ་བ་མཐོང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་ཅོར་ཏན་སྲིད་གཞུང་གི་མགོ་ཁྲིད་འོག ཅོར་ཏན་རྒྱལ་ཁབ་རིམས་ནད་ལས་རྣམ་པར་རྒྱལ་ནས་དཔལ་འབྱོར་སླར་གསོ་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཅོར་ཏན་གྱི་འཆར་གཞི་དང་རྒྱལ་སྤྱིའི་མཉམ་ལས་བློན་ཆེན་ལཱ་པཱ་ཏིས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་རིམས་འགོག་མཁོ་དངོས་ཀྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། ཀྲུང་གོའི་ལས་རིགས་སོ་སོས་ཅོར་ཏན་ལ་འདོན་སྤྲོད་བྱས་པའི་རྒྱབ་སྐྱོར་དེ་ཅོར་ཏན་གྱི་རིམས་འགོག་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ། དེ་ལས་ཀྲུང་གོའི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་མངོན་པར་མཚོན་ཡོད་ཟེར། ཁོས་ད་རུང་ཀྲུང་གོས་དུས་ཡུན་རིང་བོར་ཅོར་ཏན་གྱི་སྤྱི་བའི་འཕྲོད་བསྟེན་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། 

ཅོར་ཏན་འཕྲོད་བསྟེན་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བར། ཅོར་ཏན་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པ་བདུན་བརྒྱ་དང་སོ་བཞི་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་དགུ་རྐྱེན་ལམ་དུ་ཤོར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།