རྒྱ་གར་གྱིས་ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་དཔོན་པོ་གཉིས་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྲུ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ཕྱི་འབྲེལ་པུའུ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་མཐོ་རིམ་ཆེད་དོན་པའི་ལས་དོན་ཁང་གི་དཔོན་པོ་གཉིས་དགའ་བསུ་མི་བྱེད་པའི་མི་རུ་ཁྱབ་སྒྲོག་བྱས་པ་དང་། ཁོ་ཚོ་དུས་ཚོད་ཉེར་བཞིའི་ནང་རྒྱ་གར་གྱི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་དཔོན་པོ་གཉིས་འདི་གཉིས་ཀྱིས་གསང་མྱུལ་བྱ་བ་གཉེར་བས་རྒྱ་གར་ཁྲིམས་འཛིན་སྡེ་ཁག་གིས་འཛིན་བཟུང་བྱས་པ་ཡིན་ཞིང་། རྒྱ་གར་ཕྱོགས་ཀྱིས་རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་མཐོ་རིམ་ཆེད་དོན་པའི་ལས་དོན་ཁང་གི་ཚབ་བྱེད་པར་བརྡ་བཏང་ནས། ཕཱ་ཁི་སི་ཐན་གྱི་འབྲེལ་ཡོད་དཔོན་རིགས་ཀྱིས་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་བྱ་སྤྱོད་ཐད་ནས་ངོ་རྒོལ་དྲག་པོ་བྱས་པར་མ་ཟད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རང་གི་ཕྱི་འབྲེལ་ཚོགས་པའི་མི་སྣས་རྒྱ་གར་ལ་གནོད་སྐྱེལ་བ་དང་རང་གི་ཕྱི་འབྲེལ་དཔོན་པོའི་ཐོབ་ཐང་དང་མི་འཚམ་པའི་བྱ་འགུལ་མི་སྤེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། 

ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱ་གར་གྱི་བདེན་དཔང་ཅི་ཡང་མེད་པའི་སྐྱོན་འཛུགས་དེར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། རྒྱ་གར་ཕྱོགས་ཀྱིས་ཝེ་ཡེ་ནཱའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས་དང་ཕྱི་འབྲེལ་བྱ་སྤྱོད་རྩ་གནད་དང་འགལ་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་མཐོ་རིམ་ཆེད་དོན་པའི་ལས་དོན་ཁང་གིས་ནམ་རྒྱུན་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱི་འབྲེལ་བྱ་སྤྱོད་རྩ་གནད་ཀྱི་སྒྲོམ་གཞིའི་ནང་བྱ་བ་སྤེལ་བཞིན་ཡོད། རྒྱ་གར་སྲིད་གཞུང་གིས་རྫུན་བཟོ་བདང་བདེན་དཔང་ཐོབ་མེད་པར་ཕཱ་ཁི་སི་ཐན་ཕྱོགས་ཀྱི་ལས་བྱེད་མི་སྣ་གཉིས་ལ་སྐྱོན་འཛུགས་བྱས་ཏེ་བཀག་བསྐྱིལ་བྱས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ཀྱིས་ཕྱི་འབྲེལ་མི་སྣར་བཀག་བསྐྱིལ་དང་མནར་གཅོད་བཏང་བ་དང་། ཕྱི་འབྲེལ་མི་སྣར་འཇིགས་སྐུལ་བྱས་ཏེ་དོན་དངོས་དང་མི་མཐུན་པའི་སྐྱོན་འཛུགས་དང་ལེན་བྱེད་དུ་འཇུག་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།