ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཨ་ཧྥེ་རི་ཁའི་ཤར་རྒྱུད་དུ་འབུ་ཆ་ག་པའི་གནོད་འཚེར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་དྲ་བ།   རྩོམ་པ་པོ། : བན་དེ་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2020-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་དགུ་ཉིན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འབུ་ཆ་ག་པའི་གནོད་འཚེའི་སྔོན་དཔག་ལ་ལས་བགོས་འགན་གཉེར་བྱས་པའི་མཐོ་རིམ་དཔོན་རིགས་ཅི་སི·ཁེ་ལེ་སི་མན་གྱིས།དྲ་རྒྱའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ནས་བཤད་རྒྱུར། སྔོན་དཔག་བྱས་ན་ཨ་ཧྥེ་རི་ཁའི་ཤར་རྒྱུད་ས་ཁུལ་དུ་ཟླ6པ་ནས7པའི་བར་སླར་ཡང་འབུ་ཆ་ག་པའི་བཙན་འཛུལ་ཕོག་རྒྱུ་རེད་ཟེར།

དབྱིན་ཇིའི་གསར་ལམ་གྱིས་དེ་སྔོན་བསྒྲགས་པ་ལྟར་ན། ཨ་ཧྥེ་རི་ཁའི་ཤར་རྒྱུད་ས་ཁུལ་དུ་ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་གློ་བུར་དུ་ལོ70ཡི་རིང་འབུ་ཆ་ག་པའི་གནོད་འཚེ་ཚབས་ཆེ་ཤོས་ཐོན་པ་དང་། ཟླ4པར་སླར་ཡང་རེས་སྐོར་གཉིས་པའི་འབུ་ཆ་ག་པའི་གནོད་འཚེ་ཕོག་ཡོད་ཅིང་། གཞི་ཁྱོན་སྔར་ལས་ཆེ་བ་ཡོད། ཁི་ལེ་སི་མན་གྱིས་སྔོན་དཔག་བྱས་པ་ལྟར་ན།གལ་ཏེ་ཟླ6པ་ནས་ཟླ7པའི་བར་གྱི་གནམ་གཤིས་ཆ་རྐྱེན་ནི་འབུ་ཆ་ག་པ་སྐྱེ་འཕེལ་ལ་ཕན་པ་ཡོད་ན། འབུ་ཆ་ག་པ་གསར་པའི་གྲངས་འབོར་སྔོན་ཆད་ལས་མང་བ་མ་ཟད། སྔར་ལས་དུས་ཡུན་རིང་བོར་འཚོ་སྡོད་ཀྱི་རེད་ཟེར།

ཁེ་ལེ་སི་མན་གྱིས་ཁེན་ནི་ཡ་དང་སོ་མ་ལི། ཨེ་ཙེ་ཨོ་ཕི་ཡ། ཅི་པོའུ་ཐི་སོགས་རྒྱལ་ཁབ་དགུ་པོར་འབུ་ཆ་ག་པའི་གནོད་འཚེ་ཕོག་ཆེ་ཤོས་ཡིན་པའི་དྲན་སྐུལ་བྱས། འབུ་ཆ་ག་པའི་གྲངས་འབོར་མང་བ་མ་ཟད་ཆ་ག་པ་རྩ་མེད་གཏོང་བར་ཐོན་ཁུངས་འབོར་ཆེན་དགོས་པ་དང་། འབུ་ཆ་ག་པའི་གནོད་འཚེ་ཚོད་འཛིན་བྱ་རྒྱུ་དེ་རྒྱལ་ཁབ་དེ་དག་ལ་འཕྲད་པའི་འགྲན་སློང་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་ཟེར།

ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱིས་གཟའ་འཁོར་སྔོན་མར་བཤད་རྒྱུར། ཨ་ཧྥེ་རི་ཁའི་ཤར་རྒྱུད་ས་ཁུལ་དུ་བྱེ་ཐང་གི་འབུ་ཆ་ག་པ་དང་ཆུ་ལོག རིམས་ནད་སོགས་ཀྱི་གནོད་འཚེ་ཕོག་ནས། ཉུང་མཐར་ཡང་མི་ཁྲི2500ལ་འབྲུ་རིགས་དཀོན་པའི་གནས་ཚུལ་ཚབས་ཆེན་ལ་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་འདོན་སྤྲོད་བྱེད་པར་འབོད་སྐུལ་བཏང་ཡོད་འདུག


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།