ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་དང་མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་མཉམ་ལས་ཐད་ནས་ཕན་ཚུན་ལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་སྔོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པུས་སི་ཁཱ་ལཱ་གཉིས་ཀྱིས་ཕན་ཚུན་འཕྲིན་ཡིག་བསྐུར་ནས། རྒྱལ་ཁབ་གཉིས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་མཛད། 

ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ་ཕེ་རུའི་རིམས་ནད་རྒྱ་ཡན་དུ་སོང་བའི་ཐད་ནས་ཡང་བསྐྱར་ཕེ་རུའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕེ་རུའི་རེ་བ་ལྟར་ཀྲུང་གོའི་ཕྱོགས་ཀྱིས་ཕེ་རུ་ལ་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་མངག་གཏོང་བྱས་པ་དང་། ཁོ་ཚོས་ཕེ་རུའི་རིམས་འགོག་ཐད་རམ་འདེགས་ཀྱི་ནུས་པ་རེ་ཐོན་ཐུབ་པའི་རེ་བ་ཡོད། བདག་གིས་སྐུ་ཉིད་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རིམས་འགོག་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་སྔ་མོ་ནས་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱི་གྲུབ་འབྲས་མང་བོས་སང་ལོའི་ཀྲུང་གོ་དང་ཕེ་རུའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བར་བསུ་བ་བྱེད་འདོད་ཡོད་ཅེས་གསུངས། 

པུས་སི་ཁཱ་ལཱ་ཡིས་ཀྲུང་གོའི་སྲིད་གཞུང་གིས་ཕེ་རུ་རྒྱལ་ཁབ་ཏུ་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་མངག་གཏོང་བྱས་པ་དང་། རིམས་འགོག་མཁོ་དངོས་འདོན་སྤྲོད་དང་ཉོ་བསྡུའི་ཐད་སྟབས་བདེ་བཟོས་པར་མ་ཟད། རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པར་བཀའ་དྲིན་ཞུས། པུས་སི་ཁཱ་ལཱ་ཡིས་ཕེ་རུ་ཡིས་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་ལས་ལ་བརྟེན་ན་རིམས་ནད་འགྲན་རྩོད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ལ། ལོ་རྒྱུས་ཡུན་རིང་ལྡན་པའི་དཔལ་ཡོན་རྒྱལ་ཁབ་ཕེ་རུ་དང་ཀྲུང་གོ་གཉིས་ཀྱིས་དཀའ་སྤྱད་སྡུག་རུས་བྱས་ན། དཀའ་ཁག་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།