ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐ་ལི་པན་དྲག་ཆས་རྩ་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་པའི་ཨ་ཧྥུའུ་ཧན་སྲིད་གཞུང་གི་མི་བརྒྱད་ཅུ་ཕྱིར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ཐ་ལི་པན་དྲག་ཆས་རྩ་འཛུགས་ཀྱིས་ཚེས28ཉིན་ཁྱབ་བསྒྲགས་བྱས་དོན། ཉིན་དེར་རེབ་ཐེངས་གཉིས་བྱས་ནས་འཛིན་བཟུང་བྱས་ཡོད་པའི་ཨ་ཧྥུའུ་ཧན་སྲིད་གཞུང་གི་མི་80ཕྱིར་བཏང་ནས། ཨ་ཧྥུའུ་ཧན་སྲིད་གཞུང་གིས་དེ་སྔོན་རྩ་འཛུགས་དེའི་བཙོན་མ་ཕྱིར་བཏང་བར་ཨ་ལན་སྤྲད་པ་ཡིན་ཟེར། 

ཁ་ཐར་གྱི་རྒྱལ་ཏོ་ཧ་རུ་ཡོད་པའི་ཨ་ཧྥུའུ་ཧན་ཐ་ལི་པན་དྲག་ཆས་རྩ་འཛུགས་ཀྱི་ཆབ་སྲིད་དོན་གཅོད་ཁང་གི་མགྲིན་ཚབ་པ་སུའུ་ཧའེ་ལེ·ཧྲ་ཞིན་གྱིས་ཉིན་དེར་སྤྱི་ཚོགས་གསར་ལམ་ཁག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཐ་ལི་པན་གྱིས་རང་གིས་ཕྱིར་བཏང་བའི་མི་སྣ་དེ་དག་ལ་ལམ་རིན་དང་གྱོན་ཆས་སྤྲད་ཡོད་ཟེར།

ཧྲ་ཞིན་གྱིས་བཤད་རྒྱུར། ཐ་ལི་པན་གྱིས་མི5ལས་གྲུབ་པའི་ལག་རྩལ་ཚན་ཆུང་ཞིག་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པུར་དུ་བཏང་བ་དེའི་དམིགས་ཡུལ་ནི།ཐ་ལི་པན་ན་བཙོན་འཇུག་བྱས་པའི་མི་སྣའི་ཐོབ་ཐང་གཏན་འཁེལ་བྱ་ཆེད་རེད། བཙོན་འཇུག་བྱས་པའི་མི་སྣར་འཕྲད་པའི་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱས་ནས་བཙོན་དུ་བཅུག་པའི་མི་སྣའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཟེར།

ཐ་ལི་པན་གྱིས་ཚེས23ཉིན་གྱི་དགོང་མོ་ནས་བཟུང་སྨྱུང་གྲོལ་དུས་ཆེན་རིང་། ཨ་ཧྥུའུ་ཧན་སྲིད་གཞུང་དང་དུས་ཡུན་ཉིན3རིང་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་ཐ་ལི་པན་གྱི་གསལ་བསྒྲགས་ལ་དགའ་བསུ་ཞུས་པ་དང་འབྲེལ་ཏེ།ཨ་ཧྥུའུ་ཧན་གྱི་བདེ་འཇགས་དཔུང་སྡེར་ཡང་ཉིན་གསུམ་རིང་དམག་འཁྲུག་མཚམས་འཇོག་དགོས་པའི་མཛུབ་སྟོན་གནང་། ཚེས24ཉིན། ཅ་ཉི་ཡིས་ཐ་ལི་པན་གྱི་བཙོན་མ2000ཕྱིར་བཏང་ནས།ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཁྱབ་བསྒྲགས་བྱས། ཐ་ལི་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་གཏན་འབེབས་དེར་དགའ་བསུ་ཞུས།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལི་པན་གྱིས་དོ་དམ་མི་སྣ་བརྗེ་རེས་བྱེད་པ་ནི།ཨ་མེ་རི་ཁ་དང་ཐ་ལི་པན་དབར་བཞག་པའི་ཞི་བདེའི་གྲོས་མཐུན་གྱི་ནང་དོན་ཁོངས་སུ་གཏོགས། ཟླ5པའི་ཚེས10ཉིན་བར། ཐ་ལི་པན་གྱི་བཙོན་མ1000ཙམ་དང་ཨ་ཧྥུའུ་ཧན་སྲིད་གཞུང་གི་བཙོན་མ200ཙམ་ཕྱིར་བཏང་ཡོད་མོད། འོན་ཀྱང་དེ་རྗེས་བཙོན་མ་བརྗེ་རེས་བྱེད་པའི་བརྒྱུད་རིམ་དེ་ནི། དེ་སྔ་ཕྱོགས་གཉིས་པོའི་དབར་རྩོད་གཞི་བྱུང་ནས་མཚམས་ཆད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།