ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཨ་མེ་རི་ཁས་དམག་དཔུང་ཁྱབ་ཁོངས་ཚོད་འཛིན་བྱེད་པའི་སྒྲུབ་སྟངས་ནི་ཉེན་ཁ་ཆེ་བ་ཞིག་རེད་ཅེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་བ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་དོན། ཨ་མེ་རི་ཁས་དམག་དཔུང་ཁྱབ་ཁོངས་ཚོད་འཛིན་བྱེད་པའི་སྒྲུབ་སྟངས་ནི་ཉེན་ཁ་ཆེ་བ་ཞིག་ཡིན་ལ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་ཕན་པ་མེད་ཟེར།

ཀྲ་ཧ་ལོ་བ་ཡིས་ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། ཨ་མེ་རི་ཁས་དམག་དཔུང་ཁྱབ་ཁོངས་ཚོད་འཛིན་བྱེད་པའི་སྒྲུབ་སྟངས་ལ་སྔར་ལས་སྔོན་དཔག་བྱེད་དཀའ་བ་དང་འཛམ་གླིང་ཡོངས་ལ་ཉེན་ཁ་ཤིན་ཏུ་ཆེ་ཟེར། ཁོ་མོས་དཔེ་བཞག་ནས་བཤད་དོན། ཨ་མེ་རི་ཁ་འཕུར་མདའ་འགོག་བྱེད་འཕུར་མདའི་ཆིངས་ཡིག་དང་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་བུད་པ་དང་། དེ་མིན་ད་དུང་སྒོ་འབྱེད་མཁའ་དབྱིངས་ཆིངས་ཡིག་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། ཨ་མེ་རི་ཁ་ཕྱིར་བུད་པའི་ཆིངས་ཡིག་དེ་དག་ནི་རྒྱལ་སྤྱིའི་བདེ་འཇགས་བརྟན་འཇགས་ཀྱི་ནུས་ལྡན་འགན་སྲུང་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཡོངས་ཀྱི་རྨང་གཞི་ཡང་ཡིན། ཨ་མེ་རི་ཁའི་དེའི་རིགས་ཀྱི་སྤྱོད་ཚུལ་ལ་མངོན་གསལ་གྱི་གཏོར་བརླག་རང་བཞིན་ལྡན་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་ཕན་པ་མེད་ཟེར།

ཀྲ་ཧ་ལོ་བ་ཡིས་བཤད་དོན། ཨ་མེ་རི་ཁས་རྒྱུན་ཏུ་རྒྱལ་ཁབ་གཞན་པས་ཆིངས་ཡིག་ལ་གཏོར་བརླག་བྱས་པར་རྒོལ་གཏམ་བཏང་བ་དང་། དེ་གཞིར་བཟུང་ནས་རང་ཉིད་ཆིངས་ཡིག་ལས་ཕྱིར་འབུད་རྒྱུར་ཁ་གཡར་བ་ཡིན་ལ། དེའི་རིགས་ཀྱི་སྤྱོད་ཚུལ་ལ་སྙིང་བོ་ཆེན་པོ་མི་འདུག་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།