ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་རྒྱལ་ཁབ་རང་རང་གིས་སྤྱད་པའི་རིམས་འགོག་བྱེད་ཐབས་སྙན་ཞུ་བྱས་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་བར་གྱི་རིམས་འགོག་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་།
སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཨུ་རུ་སི་དང་ཧྥུན་ལན་གྱི་མཛའ་བརྩེའི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་རེ་འགར་གྲོས་བསྡུར་བྱས་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་མཉམ་ལས་ཀྱི་དངུལ་གཏོང་ལས་གཞིར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ནན་བཤད་བྱས་པར་མ་ཟད། མུ་མཐུད་དུ་ཁྱབ་ཁོངས་གཞན་པའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཏེ་གླིང་སྣེ་བྱང་མ་ས་ཁུལ་གྱི་གནད་དོན་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར། །