ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཏི་སེ་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐེབས་རྩ་ཚོགས་པ་དངོས་སུ་བཙུགས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་བདུན་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐེབས་རྩ་ཚོགས་པ་དངོས་སུ་བཙུགས་པ་དང་མ་དངུལ་བསྡུ་གསོག་བྱས་པ་དེས་ཧ་ཅང་དགོས་གལ་ཆེ་བའི་འཛམ་གླིང་འཕྲོད་བསྟེན་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་ཁྱབ་སྒྲོག་བྱས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་བསྒྲགས་པའི་གསར་འགྱུར་སྤྱི་སྒྲོག་ནང་མངོན་པ་ལྟར་ན། ཐེབས་རྩ་ཚོགས་པ་དེའི་སྤྱིའི་ལས་ཁུངས་རི་ནེ་བ་གྲོང་ཁྱེར་དུ་བཙུགས་ཡོད་པ་དང་། དེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ལས་ཁུངས་ལ་མ་དངུལ་འདོན་སྤྲོད་བྱས་པ་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་དགོས་མཁོ་ཐད་ལ་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དུང་ཕྱུར་བཅུ་ཐམ་པ་གསུམ་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱས་ཏེ། དམངས་ཡོངས་བདེ་ཐང་ཡོང་བའི་མི་གྲངས་དུང་ཕྱུར་བཅུ་ཇེ་མང་དུ་གཏོང་རྒྱུ་དང་། གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་དམིགས་ནས་སྔར་ལས་སྲུང་སྐྱོབ་བྱེད་པའི་མི་གྲངས་དུང་ཕྱུར་བཅུ་ཇེ་མང་དུ་གཏོང་རྒྱུ། བདེ་ཐང་དང་བདེ་སྐྱིད་ཐད་ནས་ལེགས་བཅོས་བྱེད་པའི་མི་གྲངས་དུང་ཕྱུར་བཅུ་ཇེ་མང་དུ་གཏོང་རྒྱུ་རེད།

སྤྱི་སྒྲོག་ནང་བཤད་དོན། ཐེབས་རྩ་ཚོགས་པ་དེས་བཅའ་ཁྲིམས་ཐད་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་བ་མེད་པར་སྒེར་ཚུགས་སུ་གནས་ཡོད་ལ། དེའི་དམིགས་ཡུལ་ནི་སྤྱི་དམངས་དང་ཞལ་འདེབས་འབུལ་མཁན་གཙོ་བོ། ཁེ་ལས་ཀྱི་གྲོགས་པོ་བཅས་ཀྱིས་ཞལ་འདེབས་འབུལ་བར་སྐུལ་འདེད་བཏང་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དངུལ་ཡོང་ཁུངས་རྒྱ་བསྐྱེད་པའི་ཆེད་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།