ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་མགོ་ཁྲིད་པས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རིམས་འགོག་བྱེད་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན། འཇར་མན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་བཅས་ཀྱིས་ཚེས་ཉེར་དྲུག་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ཏེ། འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་སླར་གསོ་འབྱུང་བར་ཁག་ཐེག་བྱེད་དགོས་པ་ནན་བཤད་བྱས། 

མགོ་ཁྲིད་པ་གསུམ་གྱིས་ཉིན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་རིམས་འགོག་དང་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་སོགས་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། དེང་སྐབས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་བྱེད་པར་དགོས་གལ་ཆེ་བ་དང་། ཕན་ནུས་ལྡན་པའི་ཕྱོགས་མང་རིང་ལུགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་སླར་གསོ་ཡོང་བར་ཁག་ཐེག་བྱེད་པར་དགོས་གལ་ཆེ། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱིས་ཕྱོགས་མང་བོ་ནས་འཛམ་གླིང་ཡོངས་ཀྱི་རོགས་ལས་ལ་སྐུལ་འདེད་གཏོང་བར་བརྩོན་བཞིན་ཡོད་པར་མ་ཟད། རིམས་ནད་ཀྱི་གནོད་པ་ཚབས་ཆེན་ཐེབས་པའི་ས་ཁུལ་ལ་རོགས་རམ་བྱེད་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་འགོག་ཁྲོད་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མུ་མཐུད་དུ་ནུས་ལྡན་སྨན་རྫས་དང་ཡོ་བྱད། གསོ་བཅོས་བྱེད་ཐབས། འགོག་སྨན་སོགས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་མ་དངུལ་འདོན་སྤྲོད་བྱེད་དགོས་པ་བསྐྱར་སྒྲོག་བྱས་པར་མ་ཟད། འགོག་སྨན་གྱི་གསར་སྤེལ་ཞིབ་འཇུག་ཡོངས་འགྲུབ་བྱས་རྗེས་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་སུ་འགྱུར་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱིས་ལག་རྡང་སྦྲེལ་ནས་སྨན་བཅོས་མཁོ་དངོས་དང་ཞིང་ཞོར་ཐོན་རྫས། མ་བཅོས་རྒྱུ་ཆ། ཚོང་རྫས་གཞན་པའི་ཞབས་ཞུའི་རྒྱལ་ཁོངས་བརྒལ་བའི་འཁོར་རྒྱུག་ཐད་རོགས་རམ་བྱས་ཏེ། རིམས་འགོག་བྱེད་ཐབས་ཀྱི་ནུས་ལྡན་རང་བཞིན་དང་གསལ་ཚད་ལ་ཁག་ཐེག་བྱེད་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱིས་བལྟས་ན། དཔལ་འབྱོར་འཕར་སྣོན་སླར་གསོ་བྱེད་པའི་ཞོར་དུ་ཕཱ་རེ་སིའི་གྲོས་ཆོད་དང་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ཡང་བརྩི་སྲུང་བྱེད་དགོས། དེ་བས་ལྷད་མེད་འཕེལ་སྟངས་བསྒྱུར་བ་དང་འཁོར་རྒྱུག་དཔལ་འབྱོར་སོགས་དཔལ་འབྱོར་སླར་གསོའི་འཐབ་ཇུས་ཀྱི་ཁག་ཅིག་ཏུ་འགྱུར་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།