ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་པཱ་ཞི་ལ་གནས་སྐོར་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཱ་ཞིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཚབས་ཆེན་དུ་གྱུར་བའི་དབང་གིས་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་བཞིའི་ཉིན་པཱ་ཞིའི་གནས་སྐོར་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་ཐི་ལིང་ཕུའུ་ཡིས་བཀའ་རྒྱ་བཏང་སྟེ་འདས་པའི་གཟའ་འཁོར་གཉིས་ཀྱི་ནང་པཱ་ཞི་རུ་སོང་བའི་ཕྱི་རྒྱལ་གྱི་སྤྱི་དམངས་དག་གནས་སྐབས་སུ་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོང་མཚམས་བཞག་སྟེ། པཱ་ཞི་རུ་ཡོད་པའི་ཕྱི་རྒྱལ་གྱི་སྤྱི་དམངས་དག་ཨ་མེ་རི་ཁའི་རིམས་ནད་ཀྱི་གསར་བྱུང་ནད་པར་མི་འགྱུར་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།  གནས་སྐོར་གྱི་ཚོད་འཛིན་བྱེད་ཐབས་དེ་ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་དགུ་ནས་བཟུང་ནུས་ལྡན་དུ་འགྱུར་སྲིད་པ་དང་། བྱེད་ཐབས་དེ་ཨ་མེ་རི་ཁར་གཏན་སྡོད་བྱེད་པའི་སྤྱི་དམངས་ལ་ལག་བསྟར་བྱེད་མི་སྲིད་པ་དང་། ཨ་མེ་རི་ཁ་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། 

རིམས་ནད་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་སོང་བ་དང་བསྟུན་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་གནས་སྐོར་ཚོད་འཛིན་གྱི་བྱེད་ཐབས་མང་བོ་བཏོན་ཡོད། ཨ་མེ་རི་ཁས་ཟླ་གསུམ་པ་ནས་བཟུང་ཡོ་རོབ་གླིང་གི་ཧྲིན་ཀིན་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་དྲུག་དང་། དབྱིན་ཇི། ཨིར་ལན་བཅས་སུ་གནས་སྐོར་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས།
ཨ་མེ་རི་ཁས་མའོ་ཞི་ཁོ་དང་ཁཱ་ནཱ་ཏཱའི་བར་མཚམས་ཀྱི་དགོས་མེད་ཀྱི་གནས་སྐོར་ཚོད་འཛིན་བྱེད་པའི་བྱེད་ཐབས་དེ་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་བར་ཡུན་ཚད་ཇེ་རིང་དུ་བཏང་། དེ་ལས་གཞན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་བཞིན་ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་རྒྱལ་སྤྱིའི་གནས་སྐོར་གང་རུང་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།