ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་དབུས་ཤར་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་དུས་བཅད་ལྟར་དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཧྲི་ཁི་ནཱ་ཆི་ལ་ཁ་པར་བཏང་སྟེ། གཙོ་བོ་དབུས་ཤར་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་གཏོང་སྐབས་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། གཙོ་བོ་དབུས་ཤར་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་དབུས་ཤར་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞི་དང་མཉམ་དུ་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཐད་ཀར་གྲོས་མོལ་སྤེལ་བར་ཡར་སྐུལ་དང་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ངེས་པར་དུ་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོངས་བར་བརྩི་འཇོག་བྱེད་པ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་དེའི་གནས་བབ་རྒྱུན་ལྡན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་གཞིར་བཟུང་ནས་རྒྱལ་ཁབ་དེའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་སེལ་དགོས་པ་ནན་བཤད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཕྱོགས་མང་བོའི་མཉམ་ལས་ལ་བརྟེན་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དང་བཅས་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཕན་ཚུན་བར་གྱི་གནད་དོན་ལ་གྲོས་བསྡུར་བྱས་ནས་ཁྱབ་ཁོངས་མང་བོའི་གཉིས་ཕན་མཉམ་ལས་སྤེལ་འདོད་ཡོད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།