ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གཞུང་ཚབ་ཁང་གིས་ཨ་ཧྥུའུ་ཧན་ཁ་པུའུ་ཨེར་ཞིང་ཆེན་ལ་ཟས་རིགས་ཞལ་འདེབས་སུ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་གིས་ཚེས་ཉེར་གཅིག་ཉིན་ཨ་ཧྥུའུ་ཧན་ཁ་པུའུ་ཨེར་ཞིང་ཆེན་ལ་ཟས་རིགས་སྐོར་ཞིག་ཞལ་འདེབས་སུ་ཕུལ་ནས། ས་དེའི་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་འདོན་སྤྲོད་བྱས།

ཞལ་འདེབས་མཛད་སྒོ་ཀྲུང་གོའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་ནས་བསྡུས། ཁ་པུའུ་ཨེར་ཞིང་ཆེན་གྱི་ཧྲིན་ཀྲང་ཧའེ་ཏ་ལིས་དང་ཀྲུང་གོའི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཝང་ཡུས་སོགས་ཞལ་འདེབས་ཕུལ་བའི་མཛད་སྒོར་ཞུགས།

ཝང་ཡུས་ཀྱིས་ཞལ་འདེབས་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོས་ལོ་གཉིས་ནང་མེ་སྒོར་ཐེར་འབུམ་གཉིས་རྒྱལ་སྤྱིའི་རོགས་སྐྱོར་འདོན་སྤྲོད་བྱས་ནས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་གནོད་པ་ཐེབས་པའི་རྒྱལ་ཁབ་དང་། ལྷག་པར་དུ་ཨ་ཧྥུའུ་ཧན་ནང་དུ་འདུ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱེད་པའི་ཐད་བཀོལ་རྒྱུ་ཡིན། ཀྲུང་གོའི་ཐེངས་འདིའི་ཟས་རིགས་ཞལ་འདེབས་ཐད་ནས། ཨ་ཧྥུའུ་ཧན་གྱི་རིམས་འགོག་གི་གཙོ་གནད་དང་དཀའ་གནད་ལ་དམིགས་པ་དང་། བྱེད་ཐབས་དངོས་བརྒྱུད་དེ། མཐུན་སྒྲིལ་མཉམ་ལས་དང་མིའི་རིགས་བདེ་ཐང་གི་ལས་སྐལ་ཕུང་བོ་གཅིག་གྲིལ་ཅན་འཛུགས་པའི་འདུ་ཤེས་ལག་བསྟར་བྱས་ཡོད་ཟེར།

ཧའེ་ཏ་ལིས་ཀྱིས་ཀྲུང་གོའི་གཞུང་ཚབ་ཁང་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དང་མི་དམངས་ལ་དེའི་སྔོན་དུ་ཀྲུང་གོའི་རོགས་སྐྱོར་དངོས་ཟོག་སྐོར་གསུམ་འབྱོར་བ་དང་། དེའི་ཨ་ཧྥུའུ་ཧན་ལ་ཕན་ཆེན་པོ་བཏགས་པས། ང་ཚོས་སེམས་འགུལ་ཆེན་པོ་ཐེབས་ཡོད། མིག་སྔར་ཀྲུང་གོས་སྔོན་དུ་རིམས་ནད་ལ་ཚོད་འཛིན་བྱས་པ་དང་། རིམས་འགོག་ཕྱོགས་ནས་གཏམ་བཤད་དབང་ཆ་ཆེན་པོ་ཡོད། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་རིམས་འགོག་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ཕན་ཡོད་ཉམས་མྱོང་མཉམ་སྤྱོད་བྱས་ནས། ཨ་ཧྥུའུ་ཧན་གྱིས་མི་དམངས་སྔ་མོ་ནས་དཀའ་སྡུག་ལས་གྲོལ་བར་རོགས་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།