ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཆབ་སྲིད་དང་འགོག་སྲུང་། བདེ་འཇགས་བཅས་ཀྱི་ལས་ཁུངས་ཀྱི་དམིགས་བསལ་གྲོས་ཚོགས་ཚེས་བཅུ་དགུའི་ཉིན་ཙེམ་པབ་ཝེའི་རྒྱལ་ས་ཧཱ་ལཱ་ལོས་ནས་བསྡུས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་སྤྱི་སྒྲོག་ལས་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ་ས་ཁོངས་རང་གི་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཉེ་སྔོན་མའོ་སིང་པུས་ཁིའི་བྱང་ཕྱོགས་ས་ཁུལ་ནས་ཐལ་སྤྱོད་དྲག་ཆས་ཀྱི་དྲག་ཤུགས་བྱ་སྤྱོད་དང་ལའེ་སོ་ཐའོ་སྲིད་འཛིན་གནས་བབ་སོགས་ས་ཁོངས་ནང་གི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱེད་པ་དེ་ཡིན། ཙེམ་པབ་ཝེའི་ཙུང་ཐུང་དང་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཆབ་སྲིད་དང་འགོག་སྲུང་། བདེ་འཇགས་ལས་ཁུངས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་མུའུ་ནན་ཅཱ་ཀུའུ་ཝ་དང་། མའོ་སིང་པུས་ཁིའི་ཙུང་ཐུང་ཉིག་ཞི། ཙན་པུ་ཡཱའི་ཙུང་ཐུང་ལོན་ཀུའུ། དེ་མིན་པའོ་ཚི་ཝ་ནཱའི་ཙུང་ཐུང་མཱ་ཞི་ཞི་བཅས་གྲོས་ཚོགས་ལ་ཞུགས། 

མུའུ་ནན་ཅཱ་ཀུའུ་ཝ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། མིག་སྔར་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་ས་ཁོངས་བདེ་འཇགས་གནས་བབ་ཀྱི་སྤྱི་ཁོག་ལ་ཚོད་འཛིན་བྱེད་ཀྱང་། འཇིགས་སྐུལ་རིང་ལུགས་ཀྱིས་མའོ་སིང་པུས་ཁི་སོགས་ཁོངས་གཏོགས་རྒྱལ་ཁབ་དག་གི་འཇིགས་ཉེན་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ས་ཁོངས་བརྒལ་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ལ་འཇིགས་ཉེན་བཟོས་པ་དང་། ས་ཁོངས་དེའི་དཔལ་འབྱོར་འཕར་སྣོན་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད། 

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་སྤྱི་སྒྲོག་ལས་ཐལ་སྤྱོད་ཉེས་ཅན་གྱིས་མའོ་སིང་པུས་ཁིའི་བྱང་ཕྱོགས་ས་ཁུལ་ནས་དྲག་ཤུགས་བྱ་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ཆམ་ཕབ་གཏོང་དགོས་པ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་མའོ་སིང་པུས་ཁི་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། མཉམ་འབྲེལ་སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ནས་ད་རུང་ལའེ་སོ་ཐའོ་སྲིད་འཛིན་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་དེར་དབང་ཤུགས་ཀྱི་ཞི་བདེའི་བརྒྱུད་སྤྲོད་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།