ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅོ་བརྒྱད་ཉིན་ཁ་པར་བཏང་སྟེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དང་སི་རི་ཡཱའི་གནད་དོན། ལི་པུ་ཡཱའི་གནད་དོན་སོགས་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་རིམས་ནད་འགོག་རྒོལ་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་མུ་མཐུད་དུ་ནད་པར་གསོ་བཅོས་བྱེད་པ་དང་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པ་སོགས་ཀྱི་ཐད་ནས་མཉམ་ལས་བྱེད་རྒྱུ་ནན་བཤད་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཤིང་། མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ཐད་ནས་བཀོད་པའི་གྲོས་མཐུན་དངོས་འབེབ་བྱེད་འདོད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ལི་པུ་ཡཱའི་འཁྲུག་རྩོད་རིམ་པ་འཕར་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ད་ལོའི་ཟླ་དང་པོའི་ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་རྨང་གཞིར་བྱས་ཏེ། གང་མགྱོགས་སྒོས་འཁྲུག་རྩོད་མཚམས་འཇོག་པ་དང་གྲོས་མོལ་གྱི་ཡུན་ཚད་སླར་གསོ་བྱེད་དགོས་པ་ནན་བཤད་བྱས་ཟེར། 

ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། མུ་མཐུད་དུ་རིམ་པ་སོ་སོའི་གྲོས་མོལ་སྤེལ་རྒྱུའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།