ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་ཐན་ཏེ་སའེ་ཡིས་གོ་ལ་ཧྲིལ་པོས་མཐུན་སྒྲིལ་སྒོས་རིམས་ནད་འགོག་བཅོས་བྱེད་དགོས་ཞེས་འབོད་སྐུལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས73པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཚེས18ཉིན་འགོ་ཚུགས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་སླར་ཡང་གོ་ལ་ཧྲིལ་པོས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་དགོས་ཞེས་འབོད་སྐུལ་གནང་བ་མ་ཟད། འཛམ་གླིང་ཡོངས་སུ་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ལ་ཡོ་བྱད་དང་ཚན་རིག ཐོན་ཁུངས་སོགས་ཀྱིས་མ་འདང་བ་མིན། མི་འདང་བ་ནི་ལག་ཆ་དང་ཚན་རིག ཐོན་ཁུངས་འདི་དག་བཀོལ་སྤྱོད་བྱེད་པའི་རྒྱུན་མཐུད་དམ་བཅའ་ཡིན་ཟེར།

ཐན་ཏེ་སའེ་ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་སྐབས། པྲོག་གསར་གློ་ཚད་ནི་ང་ཚོའི་དུས་རབས་འདིའི་འཕྲོད་བསྟེན་ཉམས་ཉེན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་དང་རྩ་འཛུགས་ཚང་མས་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་ལ་ངེས་པར་དུ་དཔྱད་དཔོག་བྱ་དགོས་པ་མ་ཟད། དེའི་ནང་ནས་ཉམས་མྱོང་དང་བསླབ་བྱ་ལེན་དགོས། ཁོས་ཡང་བསྐྱར་འཛམ་གླིང་ཡོངས་ལ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རིམས་ནད་ལ་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་ཞིང་། ལོ་ངོ40ཡི་སྔོན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་འོག་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ལྷ་འབྲུམ་རྩ་མེད་བཏང་བ་དེ་མིག་དཔེར་བཞག་ནས་“མཐུན་སྒྲིལ་གྱིས་འདུ་ཤེས་འཛིན་སྟངས་ལས་རྣམ་པར་རྒྱལ་ཚེ་བྱ་བ་ཐམས་ཅད་ལེགས་པར་འགྲུབ་ཐུབ་”ཅེས་གསུངས་བ་རེད།

ཐན་ཏེ་སའེ་ཡིས། མིའི་རིགས་ལ་ནམ་ཡིན་ཡང་སྔར་བས་བདེ་ཐང་དང་། བདེ་འཇགས། དྲང་གཞག་བཅས་ཀྱི་འཛམ་གླིང་ཞིག་དགོས་པས། སྐབས་འདིར་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་སྟོབས་དང་ལྡན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཤིག་དགོས་པ་རེད་ཟེར།

 པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་འོག འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་དེ་ཐེངས་དང་པོར་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཏེ་གོ་ལ་ཧྲིལ་པོས་མཐུན་སྒྲིལ་སྒོས་པྲོག་གསར་གློ་ཚད་ཀྱི་ནད་དུག་ལ་འགོག་རྒོལ་བྱ་རྒྱུའི་ཐད་བཀོད་སྒྲིག་བྱ་རྒྱུ་རེད། ཚོགས་ཆེན་གྱི་གྲོས་རིམ་ལྟར། ཉིན་ལྔ་ཡས་མས་ཀྱི་ཚོགས་ཡུན་དེ་ཉིན་གཉིས་ལ་ཇེ་ཐུང་དུ་བཏང་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་དང་ཆེད་མངག་གདན་འདྲེན་ཞུས་པའི་མགྲིན་ཚབ་པ་དག་གིས་གཏམ་བཤད་སྤེལ་བ་ཕུད། ཚོགས་ཆེན་ཐོག་ད་དུང་མིག་སྔའི་པྲོག་གསར་གློ་ཚད་འཕེལ་རྒྱས་དང་གོ་ལ་ཧྲིལ་པོས་རིམས་ནད་འགོག་རྒོལ་བྱེད་པའི་བྱ་སྤྱོད་ལ་དམིགས་སུ་འཛིན་རྒྱུ་ལས་གཞན། པྲོག་གསར་གློ་ཚད་གྱི་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ། རིམས་ནད་འགོག་པའི་དངོས་རྫས། ནད་དུག་གི་འབྱུང་རྩ་སྲོག་ཆགས་ཡིན་པ་དང་མིའི་རིགས་ལ་མཆེད་པའི་ཐབས་ལམ། རིམས་ནད་ཀྱིས་བཟོས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕོག་ཐུག་སོགས་ཀྱི་གྲོས་གཞི་ལ་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།