ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དངུལ་ཁང་ཨེ་ཅིབ་ལ་མེ་སྒོར་བྱེ་བ་ལྔའི་དངུལ་བུན་བསྐྱི་བར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་དངུལ་ཁང་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ལ་མེ་སྒོར་བྱེ་བ་ལྔའི་དངུལ་བུན་བསྐྱིས་ནས། ཨེ་ཅིབ་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་སྔོན་འགོག་དང་ཚད་འཇལ་ཞིབ་བཤེར། འགོག་རྒོལ་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བར་རོགས་རམ་བྱེད་པར་ཡིད་འཐད་བྱུང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དངུལ་བུན་དེ་རིམས་ནད་འགོག་སྲུང་ལ་མཁོ་བའི་སྨན་བཅོས་དངོས་རྫས་ཀྱི་ཉོ་བསྡུ་དང་བགོ་བཤའ། སྨན་བཅོས་མི་སྣའི་གསོ་སྦྱོང་། ཁ་ཁར་བཀར་བ་དང་གསོ་བཅོས་བྱེད་སའི་འཁོར་སྐྱོད། བརྡ་འཕྲིན་བརྒྱུད་སྤེལ་གྱི་སྟེགས་བུ་དང་ཡོ་བྱད་གསར་སྤེལ་བྱེད་པ་སོགས་ཀྱི་ཐད་བཀོལ་རྒྱུ་ཡིན་ཟེར། 

ཨེ་ཅིབ་དང་ཡེ་མིན། ཅི་པུའུ་ཐིས་བཅས་སུ་སྡོད་པའི་འཛམ་གླིང་དངུལ་ཁང་གི་འཐུས་མི་ཝེ་སི་ཡིས་གསལ་སྒྲོག་ལས་བཤད་རྒྱུར། འཛམ་གླིང་དངུལ་ཁང་གིས་མྱུར་མོར་སྐུལ་སློང་བྱས་ཏེ་ཨེ་ཅིབ་ཀྱི་རིམས་ནད་འགོག་རྒོལ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བར་རོགས་རམ་བྱེད་བཞིན་ཡོད། མིག་སྔར་གྱི་དུས་རིམ་འདིའི་རྒྱབ་སྐྱོར་ལས་གཞིའི་དམིགས་ཡུལ་ནི་སྟོབས་ཤུགས་ཞན་པའི་ཚོགས་ཁག་ལ་སྲུང་སྐྱོབ་བྱེད་པ་དང་། ཨེ་ཅིབ་ཀྱིས་བྲེལ་མྱུར་སྨན་བཅོས་བྱེད་ཐབས་ལག་བསྟར་བྱེད་པར་རོགས་རམ་བྱེད་པ། དཔལ་འབྱོར་གྱི་བབ་བསྟུན་འཕེལ་རྒྱས་ལ་ཤུགས་སྣོན་པ་བཅས་ཀྱི་ཆེད་དུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཛམ་གླིང་དངུལ་ཁང་དང་ཨེ་ཅིབ་ཀྱིས་སྔར་བཞིན་མ་འོངས་པའི་མཉམ་ལས་དང་རྒྱབ་སྐྱོར་ལས་གཞིར་གྲོས་བསྡུར་བྱས་ཏེ། རིམས་ནད་ལས་ཨེ་ཅིབ་རྒྱལ་ཁབ་ལ་ཐེབས་པའི་དུས་ཡུན་ཐུང་ངུའི་ཤུགས་རྐྱེན་ཇེ་ཡང་དུ་གཏོང་ཅི་ཐུབ་བྱེད་བཞིན་ཡོད་ཟེར། 

རིམས་ནད་བྱུང་རྗེས། ཨེ་ཅིབ་ཀྱིས་མཚན་མགྲོན་འགོག་པ་དང་རྒྱལ་སྤྱིའི་གནམ་གྲུའི་གཏོང་ཐེངས་མཚམས་འཇོག་པ། གནས་སྐོར་ས་ཁུལ་གྱི་སྒོ་བརྒྱག་པ། ཟ་ཁང་དང་མགྲོན་ཁང་གི་སྒོ་བརྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་པས། དཔལ་འབྱོར་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཨེ་ཅིབ་སྲིད་གཞུང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་སོགས་འདུས་པའི་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་ཀྱི་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་རིམས་ནད་ཀྱི་གནོན་ཤུགས་ཐག་གཅོད་བྱེད་བཞིན་ཡོད། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ལག་བསྟར་ཏུང་ཧྲི་ཚོགས་པས་ཨེ་ཅིབ་ལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་བདུན་གྱི་དངུལ་བུན་བསྐྱིས་པར་ཆོག་མཆན་བཀོད་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།