ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ནང་ཁུལ་དུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་ལྔ་བརྒྱ་དང་བཅོ་ལྔ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས17ཉིན། ཨེ་ཅིབ་འཕྲོད་བསྟེན་པུའུ་ཡིས་བཤད་དོན། ཨེ་ཅིབ་ནང་ཁུལ་དུ་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་ལྔ་བརྒྱ་དང་བཅོ་ལྔ་འཕར་སྣོན་བྱུང་བ་དང་། བསྡོམས་པས་ངོས་བཟུང་བའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་ཉེར་དགུ་ལ་སླེབས་ཤིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བཅོ་བརྒྱད་འཕར་སྣོན་བྱུང་བ་དང་བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་དྲུག་བརྒྱ་དང་སུམ་ཅུ་ལ་སླེབས།

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་མུའུ་ཅ་ཞི་ཏི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་དོན། ཉིན་དེར་ནད་པ་ཉིས་བརྒྱ་དང་ཉེར་གཉིས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པ་དང་བསྡོམས་པས་ནད་པ་སྟོང་གསུམ་དང་བརྒྱ་དང་དོན་གཉིས་དྲག་སྐྱེད་བྱུང་ཟེར།

ཨེ་ཅིབ་ཙུང་ལི་མཱ་ཏི་པུའུ་ལིས་ཀྱིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་ཁྱབ་སྒྲོག་བྱས་དོན། ཨེ་ཅིབ་རྒྱལ་ཁབ་ཀྱིས་སྨྱུང་གྲོལ་དུས་ཆེན་གྱི་སྔ་གཞུག་ཏུ་སྔར་ལས་གཟབ་ནན་ཆེ་བའི་རིམས་འགོག་བྱེད་ཐབས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ནང་ཁུལ་གྱི་ཚོང་ཁང་དང་ཚོང་ར། སྤྱི་གླིང་སོགས་ཀྱི་སྒོ་བརྒྱག་པ་དང་། ནང་ཁུལ་གྱི་ཞིང་ཆེན་བར་གྱི་འགྲིམ་འགྲུལ་དང་དེ་མིན་སྤྱི་ཐུན་འགྲིམ་འགྲུལ་ཚང་མ་གནས་སྐབས་སུ་མཚམས་འཇོག་རྒྱུ་རེད། མཚན་བཀག་དུས་ཚོད་སྔ་སྣུར་སྒོས་ཉིན་རེའི་དུས་ཚོད་བཅུ་བདུན་ནས་སང་ཉིན་གྱི་དུས་ཚོད་དྲུག་བར་རེད། ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་མང་ཚོགས་ཀྱིས་སྤྱི་ཐུན་ཚོགས་ར་ནས་ངེས་པར་དུ་ཁ་ཐུམ་བརྒྱག་དགོས་པ་དང་མ་བརྒྱབ་ན་ཆད་པ་གཅོད་ངེས་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།