ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རིམས་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བཞི་དང་འབུམ་དྲུག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བཞི་དང་འབུམ་དྲུག་ལས་བརྒལ་ཡོད་ཟེར། 

གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སོ་གཉིས་བར། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བཞི་དང་འབུམ་དྲུག་སྟོང་ལྔ་དང་དྲུག་བརྒྱ་དོན་གསུམ་དུ་བསླེབས་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གསུམ་དང་ཁྲི་གཅིག་བརྒྱ་དང་བརྒྱད་ཅུར་བསླེབ་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་རིམས་ནད་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཡིན་ཞིང་། རིམ་རྩིས་ཀྱིས་ནད་པ་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་སྟོང་དྲུག་བརྒྱད་བརྒྱ་དང་ཞེ་གཅིག་ཏུ་བསླེབ་ཡོད་ལ། རིམ་རྩིས་ཀྱིས་ནད་པ་ཁྲི་བརྒྱད་དང་སྟོང་བརྒྱད་ཉིས་བརྒྱ་སུམ་ཅུ་རྐྱེན་ལམ་དུ་ཤོར། རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཉིས་ལས་བརྒལ་བའི་རྒྱལ་ཁབ་ལ་ད་རུང་ཨུ་རུ་སི་དང་དབྱིན་ཇི། སི་ཕན། དབྱི་ཐཱ་ལེ། པཱ་ཞི་བཅས་འདུས་པ་དང་། དེ་ལས་གཞན་ཧྥ་རན་སི་དང་འཇར་མན་རིམ་རྩིས་ཀྱིས་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ་ཡོད་པ་རེད། 

གཞི་གྲངས་འདི་དག་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།