ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཐཱ་ལེ་པན་སོགས་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་བྱ་བ་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཞི་ཏིས་ཅི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དང་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་དུ་ཚེས་བཅུ་གཉིས་ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་བའི་དབང་གིས། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཐཱ་ལེ་པན་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སོགས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་ཟེར། 

ཞི་ཏིས་ཅི་ཡིས་ཨ་ཧྥུའུ་ཧན་གྱི་སྐྱ་རེངས་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐཱ་ལེ་པན་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་དང་དེའི་ཡར་སྔོན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས་པ་ལས་ཁོ་ཚོ་ནི་ཨ་ཧྥུའུ་ཧན་མི་དམངས་ཀྱི་དགྲ་བོ་ཡིན་པར་བདེན་དཔང་བྱས་ཡོད་ཟེར། 

དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཁཱ་པོར་གྱི་བུ་བཙའ་སྨན་ཁང་ཞིག་ལ་ཚེས་བཅུ་གཉིས་ཉིན་འཇིགས་སྐུལ་འཇབ་རྒོལ་ཐེབས་ཏེ་མི་སེར་དཀྱུས་མ་ཉེར་བཞི་དང་། ཨ་ཧྥུའུ་ཧན་གྱི་ཉམས་ཉེན་འཕྲལ་སྒྲུབ་དམག་དཔུང་གི་དམག་མི་གཅིག དེ་མིན་འཇབ་རྒོལ་མཁན་གསུམ་བཅས་རྐྱེན་ལམ་དུ་ཤོར་ཡོད། ཉིན་དེར་ནན་ཀི་ཧཱ་ཨར་ཞིང་ཆེན་ནས་སྤེལ་བའི་དུར་འཇུག་མཛད་སྒོ་ཞིག་གི་སྟེང་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། འཇབ་རྒོལ་མཁན་གཅིག་དང་བཅས་པའི་མི་སོ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་བདེ་འཇགས་བློ་འདོན་པས་གྲོས་མོལ་བྱས་རྗེས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གི་འགོག་སྲུང་རང་བཞིན་གྱི་རྣམ་པ་བསྐྱུར་ནས། ཐཱ་ལེ་པན་དང་བཅས་པའི་དྲག་ཆས་རྩ་འཛུགས་ལ་དཔུང་འཇུག་བྱེད་པའི་བྱ་བ་སླར་གསོ་བྱེད་རྒྱུའི་བཀའ་རྒྱ་བཏང་། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་རྩ་འཛུགས་དེའི་དྲག་ཆས་མི་སྣས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་མ་བྱས་ཀྱང་། ཞི་ཏིས་ཅི་ཡིས་བསྟན་དོན། ཐཱ་ལེ་པན་གྱིས་གསལ་སྒྲོག་ཙམ་ལ་བརྟེན་ནས་འཇབ་རྒོལ་དོན་རྐྱེན་དེར་འབྲེལ་བ་མེད་པ་བདེན་དཔང་བྱེད་ཐབས་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།