ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ནེ་ཀིའི་རྩ་འཛུགས་བྱ་བ་ལེགས་འགྲུབ་བྱུང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་བ་ཁྱབ་སྒྲོག་བྱས་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་ཙུང་ལི་ལི་ཧྥུའུ་ལིན་དང་དབུ་མའི་ཏང་ཁག་སྔོ་དཀར་ཏང་གི་མགོ་ཁྲིད་པ། གྲོས་དཔོན་གྱི་ལས་འགན་བསྐྱུར་བའི་ཀན་ཚི་ལ་འཕྲིན་ཡིག་བསྐུར་ཏེ། ཁོས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་ཡོད་ཟེར། 

དབྱི་སི་རལ་གྱི་སྐབས་གསར་བའི་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད། དབྱི་སི་རལ་གྲོས་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་སྐབས་གསར་བའི་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་ལས་རིམ་བཀོད་སྒྲིག་ཁྱབ་སྒྲོག་བྱས་ཡོད། 

ཀན་ཚི་ཡིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ་གྲོས་དཔོན་གྱི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས། ནེ་ཐཱ་ནི་ཡཱ་ཧུའུ་དང་ཀན་ཚི་གཉིས་ཀྱིས་ཟླ་བཞི་བའི་ཚེས་ཉི་ཤུའི་ཉིན་བཀོད་པའི་གྲོས་མཐུན་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མཉམ་འབྲེལ་སྲིད་གཞུང་ཁྲོད་ཐོག་མར་ཙུང་ལིའི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ཟླ་ངོ་བཅོ་བརྒྱད་ཡིན། ཀན་ཚི་ཡིས་ཙུང་ལི་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་རྒྱུ་རེད། ནེ་ཐཱ་ནི་ཡཱ་ཧུའུ་ཡི་འགན་ཡུན་ལོངས་རྗེས་ཀན་ཚི་ཡིས་ཙུང་ལིའི་འགན་ཁུར་རྒྱུ་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།