ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་ཤར་མའི་རྒྱལ་ཁབ་བཞི་ཡིས་ས་ཁུལ་རོགས་ལས་བྱེད་ཐབས་སྤྱད་དེ་རིམས་ནད་འགོག་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་ཤར་མའི་རུ་ཝང་ཏཱ་དང་ཝུ་ཀན་ཏཱ། ཁུན་ནེ་ཡཱ། སུའུ་ཏན་ལྷོ་མ་བཅས་རྒྱལ་ཁབ་བཞི་ཡིས་ཚེས་བཅུ་གཉིས་ཉིན་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་བཞི་ཡིས་ས་ཁུལ་གྱི་རོགས་ལས་བྱེད་ཐབས་མང་བོ་སྤྱད་ནས་མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱས་ཡོད་ཟེར། 

རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མཱེ་དང་ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ། ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་བཅས་ཀྱིས་ཉིན་དེར་ཁཱ་ཅཱ་མེ་ཡི་མགོ་འཛིན་འོག་ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་བརྙན་རིས་གྲོས་ཚོགས་བསྡུས་ཏེ། ས་ཁུལ་རང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་དང་འགོག་བཅོས་བྱེད་ཐབས་ལ་གྲོས་བསྡུར་བྱས། ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་ཐན་སིང་ནི་ཡཱ་དང་པུ་ལུང་ཏིའི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས་མེད། 

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་རྒྱལ་ཁབ་སོ་སོས་གཅིག་གྱུར་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་བཤེར་ཁས་ལེན་དང་མཉམ་སྤྱོད་མ་ལག་ལག་བསྟར་བྱེད་རྒྱུ་དང་། རྒྱལ་ཁབ་སོ་སོས་གཅིག་གྱུར་གྱི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་། རླངས་འཁོར་རུ་ཁག་གི་མི་སྣའི་ཁ་གྲངས་ཞིབ་བཤེར་ཚད་འཇལ་དང་རྗེས་འདེད་མ་ལག་བེད་སྤྱོད་བྱེད་པ། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་དང་འགྲིམ་འགྲུལ། ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པའི་ལས་དོན་བཅས་ཀྱི་འགན་ཁུར་བའི་པུའུ་ཀྲང་དེ་ས་ཁུལ་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་སྦྲེལ་མཐུད་མཁན་དུ་བྱས་ཏེ། གཅིག་གྱུར་གྱི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བའི་ཞིབ་བཤེར་ཚད་འཇལ་དང་ངོས་འཛིན་རྐྱེན་སྲོལ་གཏན་འབེབས་བྱེད་རྒྱུ་ཐག་བཅད། 

སྤྱི་སྒྲོག་ལྟར་ན། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་རྒྱལ་ཁབ་སོ་སོས་ས་ཁོངས་ཀྱི་མཁོ་འདོན་མུ་འབྲེལ་སྔོན་ལ་འཕེལ་རྒྱས་སུ་བཏང་སྟེ། ཁ་ཐུམ་དང་དུག་སེལ་སྨན་ཆུ། འགོག་སྲུང་ལྭ་བ་སོགས་དགོས་ངེས་ཀྱི་སྨན་བཅོས་མཁོ་དངོས་ས་ཁོངས་རང་ནས་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་ཁབ་སོ་སོས་མུ་མཐུད་དུ་ཞིང་ལས་ཐོན་སྐྱེད་དང་ཞིང་ཞོར་ཐོན་རྫས་ཀྱི་ལས་སྣོན་ལ་རོགས་སྐྱོར་བྱེད་དགོས་ལ། ཆེད་དོན་གྱི་ཁེ་ལས་ཆུང་འབྲིང་གི་དངུལ་གསོག་ཇུས་གཞི་བཏོན་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་པའི་རེ་བ་བཏོན། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་རིམས་ནད་འགོག་སྲུང་ཐད་ནས་དུས་བཅད་ལྟར་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།