ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་དང་ཨེ་ཙེ་ཨོ་ཕི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཀེ་ཏུའུ་ཡིས་ཁ་པར་གྱི་ལམ་ནས་གླེང་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས11ཉིན་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་ཝང་དབྱི་ཡིས་ཨེ་ཙེ་ཨོ་ཕི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཀེ་ཏུའུ་ལ་ཁ་པར་བཏང་ནས་གླེང་མོལ་བྱས།

ཝང་དབྱིས་བཞེད་དོན། གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོའི་རིམས་ནད་འགོག་པའི་འཐབ་རྩོད་ལ་ངག་ཐོག་ནས་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ཨ་པི་ཙུང་ལི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁ་པར་ཐོག་ནས་རྒྱབ་སྐྱོར་དང་འཚམས་འདྲི་གནང་མཁན་ཨ་ཧྥེ་རི་ཁའི་འགོ་ཁྲིད་ཨང་དང་པོ་དེ་ཡིན་པ་རེད། རིམས་ནད་ཨ་ཧྥེ་རི་ཁར་མཆེད་པ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་གཡོལ་ཐབས་མེད་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་རོགས་སྐྱོར་ཁག་མང་པོ་བྱས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་བརྒྱུད་འདྲེན་བྱ་རྒྱུར་གཞོགས་འདེགས་ཤུགས་ཆེན་བྱས་པ་དེའི་ཐོག་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་ནུས་པ་དང་འགན་འཁྲི་འཁུར་སེམས་མཚོན་ཡོད་ལ། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུའང་གྱུར་ཡོད་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཨེ་ཙེ་ཨོ་ཕི་ཡའི་ཡུན་རིང་བློས་ཐུབ་གྲོགས་པོ་ཡག་པོ་དང་རོགས་རེས་གྲོགས་པོ་ཡག་པོ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ། ཨེ་ཙེ་ཨོ་ཕི་ཡར་འཕྲལ་མཁོ་ཆེ་བའི་རིམས་ནད་འགོག་པའི་དངོས་ཟོག་འབོར་ཆེན་མཁོ་འདོན་བྱས་ནས། ཨེ་ཙེ་ཨོ་ཕི་ཡའི་རིམས་ནད་འགོག་པའི་འབད་བརྩོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་གིས་ཨེ་ཙེ་ཨོ་ཕི་ཡའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་ནས། ཕྱོགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྱང་ཨེ་ཅིབ་ཏུ་ཡོད་པའི་ཀྲུང་གོའི་ཁེ་ལས་མི་སྣའི་གཟུགས་གཞི་བདེ་ཐང་དང་ལུགས་མཐུན་ཁེ་དབང་འགན་ལེན་ཡག་པོ་ཐུབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཀྲུང་ཨེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀེ་ཏུའུ་ཡིས་བཤད་རྒྱུར། ཀྲུང་གོས་རིམས་ནད་ཚོད་འཛིན་ཐུབ་རྒྱུར་རྟེན་འབྲེལ་ཞུས་ཤིང་། ཨེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རོགས་རམ་འབོར་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་ཐོག་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཐུན་སྒྲིལ་དང་མཛའ་གྲོགས་གང་ལེགས་མངོན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས་རིམས་ནད་འགོག་པའི་བརྒྱུད་རིམ་ནང་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་གལ་འགངས་ཆེན་པོ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་དགོས་ངེས་རེད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་ནས། རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོ་དང་མུ་མཐུད་ལངས་ཕྱོགས་གཅིག་པ་འཛིན་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།