ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་སྦྱོང་བརྡར་ཁྲོད་ནས་འཕུར་མདེལ་འཕེན་ཉེས་བྱས་ཏེ་དམག་གྲུ་ཞིག་ལ་ཕོག་ནས་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གིས་གསར་ལམ་གྱིས་ཚེས་བཅུ་གཅིག་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་བཅུ་ཉིན་དབྱི་ལང་གི་དམག་ཕྱོགས་ཀྱིས་སྦྱོང་བརྡར་བྱེད་སྐབས་འཕེན་གཏོང་བྱས་པའི་འཕུར་མདེལ་ཞིག་འབེན་ལ་གཟས་སའི་ཉེ་འགྲམ་ན་ཡོད་པའི།  རང་ཕྱོགས་ཀྱི་དམག་གྲུ་ཞིག་ལ་གཏོང་ཉེས་ཀྱིས་ཕོག་ནས། མཚོ་དམག་གཅིག་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཅོ་ལྔ་ལ་རྨས་སྐྱོན་ཕོག་ཡོད།

དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྨས་སྐྱོན་ཕོག་པའི་དོན་རྐྱེན་དེ་ཨ་མན་མཚོ་ཁུག་ནང་གི་ཅ་སི་ཁེ་གྲུ་ཁའི་ཉེ་འགྲམ་དུ་བྱུང་བ་དང་། ཐེ་ཧེ་རན་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་1270ཙམ་གྱི་སར་གནས་ཡོད། འཕུར་མདེལ་གྱིས་འཁྲབ་སྦྱོང་གཅིག་ལ་ཞུགས་པའི“ཧེང་ཏི་ཀྲན”རིམ་པའི་རོགས་སྐྱོར་དམག་གྲུའི“ཁི་ན་ལ་ཁེ”རྟགས་ཅན་ཞིག་ལ་ཕོག་འདུག་ཟེར།

གནས་ཚུལ་སྤེལ་བ་ལྟར་ན། དེ་ནི་ལས་འཛོལ་ཞིག་ཡིན་པ་དང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་རོགས་སྐྱོར་དམག་གྲུས་ཆུའི་ནང་འབེན་རྒྱག་འགན་འཁུར་ནས། འཁྲབ་སྦྱོང་གྲུ་གཟིངས་གཞན་དག་ལ་མེ་མདའ་རྒྱག་གི་ཡོད་པ་དང་། དེའི་གནས་ཡུལ་དེ་འཕུར་མདའི་འབེན་དང་བར་ཐག་ཆེས་ཉེ་ས་ན་ཡོད།

དབྱི་ལང་གི་གསར་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ཁི་ན་ལ་ཁེ་”རྟགས་ཅན་དེ་ཧོ་ལན་གྱིས་བསྐྲུན་པ་དང་། གྲུ་གཟིངས་ཀྱི་རིང་ཚད་ལ་སྨི་47ཡོད་པ་དང་། 1988ལོ་ནས་བཟུང་དམག་ཞབས་བྱས་ནས་ད་བར་ལྗིད་ཚད་ཏུན40ཟིན་པ་དང་། ལས་འགན་སྒྲུབ་སྐབས་རྒྱུན་པར་དམག་གྲུ་20བཀོད་སྒྲིག་བྱས་ཡོད། གྲུ་གཟིངས་དེས2018ལོར་ཕྱོགས་ཡོངས་ནས་ཞིབ་བཤེར་བཟོ་བཅོས་དང་ལེན་བྱས་ཏེ་མཚོ་ཐོག་གི་དམག་གྲུ་འགོག་པའི་འཕུར་མདའ་འཕེན་ཐུབ་ཀྱིན་ཡོད་ཟེར།

དབྱི་ལང་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འཕུར་མདེལ་འཕེན་ཉེས་བྱས་རྗེས་ས་གནས་དེ་གའི་སྨན་ཁང་ཞིག་གིས་མཚོ་དམག12ལ་སྨན་བཅོས་བྱས་པར་མ་ཟད། རྨས་སྐྱོན་ཆུང་བའི་མཚོ་དམག་གཞན་གསུམ་ལའང་སྨན་བཅོས་བྱས་ཡོད་འདུག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།